༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༥ ཚེས་ ༢༠ རེས་གཟའ་སྤེན་པ་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀར་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གསར་པ་སྐུ་ཞབས་སིདྡྷ་རམྨི་ཡ་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་སྩལ་བའི་ནང་འཁོད་དོན། འདི་ལོའི་ཕྱི་ཟླ་ ༤ ནི་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་མི་ལོ་ཧྲིལ་པོ་དྲུག་ཅུ་རེ་བཞི་འཁོར་གྱི་ཡོད། བོད་མི་རྣམས་བཙན་བྱོལ་དུ་ཐོག་མར་འབྱོར་སྐབས་རྒྱ་གར་ནང་གནས་སྡོད་བྱེད་ཡུལ་འཚོལ་བཞིན་པའི་སྐབས་དེར་རྒྱ་གར་གྱི་སྲིད་བློན་ནེཧ་རུ་དམ་པ་ཁོང་གིས་རྒྱ་གར་གྱི་མངའ་སྡེ་ཁག་གི་སྤྱི་ཁྱབ་བློན་ཆེན་རྣམས་ལ་འབོད་སྐུལ་གནང་བ་ལྟར། ཀར་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཞིང་གཤེགས་དམ་པ་སྐུ་ཞབས་ནི་ཇ་ལིངྒ་པ་ (S. Nijalingappa) མཆོག་གིས་ཞལ་བཞེས་བཟང་པོ་གནང་ཡོད། ཕྱི་ལོ་ ༡༩༥༦ ལོར་ངོས་རང་རྒྱ་གར་དུ་ཆེས་ཐོག་མ་སླེབས་སྐབས་དམ་པ་ཁོང་དང་མཇལ་འཕྲད་བྱུང་བ་ཧ་ཅང་གསལ་པོ་དྲན་གྱི་འདུག
སྐུ་ཉིད་ཀྱིས་མཁྱེན་ཆུབ་ལྟར། ཕྱི་ལོ་ ༡༩༦༠ ནང་ཀར་ན་ཊ་ཀ་མངའ་སྡེའི་ནང་དུ་བོད་མི་བཙན་བྱོལ་བ་མི་གྲངས་ ༣༠༠༠༠ ཙམ་གནས་སྡོད་བྱེད་བཞིན་ཡོད། ཕལ་ཆེར་བོད་མི་བཙན་བྱོལ་བ་མང་ཤོས་ཡོད་ས་ཤིག་ཡིན། ངོས་ལ་མཚོན་ན་ཀར་ན་ཊ་ཀའི་མངའ་སྡེ་ནི་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན། ཕྱི་ལོ་ ༢༠༡༨ ལོར་ངོས་རང་ཆེད་མངགས་ཀར་ན་ཊ་ཀ་མངའ་སྡེའི་རྒྱལ་ས་བྷེང་ལོར་དུ་མངའ་སྡེའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོར་བཅར་བ་ཡིན། ཀར་ན་ཊ་ཀའི་མངའ་སྡེ་ནང་བོད་མིའི་གཞིས་ཆགས་ཁག་ལྔ་བསྐྱར་འཛུགས་ཐུབ་པ་ཙམ་དུ་མ་ཟད། བོད་ཀྱི་དགོན་སྡེ་ཆེ་ཁག་བསྐྱར་འཛུགས་ཐུབ་པ་ནི་དགའ་སྤོབས་ཀྱི་གནས་ཤིག་ཡིན། དགོན་སྡེ་ཁག་དེ་དག་གི་ནང་དུ་ནང་སེམས་ཀྱི་ཞི་བདེ་བསྐྲུན་ཐབས་སོགས་རྒྱ་གར་གྱི་དཔལ་ནཱ་ལེནྡྲའི་གནའ་བོའི་རིག་གཞུང་སློབ་གཉེར་གནང་དང་གནང་མུས་ཡིན།
དེར་བརྟེན་ངོས་ཀྱིས་མངའ་སྡེའི་གཞུང་མང་གཉིས་ནས་གཞན་ཕན་ལྷག་བསམ་གྱི་ཀུན་ནས་བསླངས་ཏེ་བོད་མི་བཙན་བྱོལ་བ་རྣམས་ལ་དཀའ་ཚེགས་ཆེ་བའི་དུས་སྐབས་འདིར་མཐུན་འགྱུར་རོགས་རམ་གནང་དང་གནང་མུས་ལ་སྙིང་ཁུང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
མཐའ་དོན། གོ་སྐབས་འདི་བརྒྱུད་ངོས་ཀྱིས་སྤྱི་ཁྱབ་བློན་ཆེན་མཆོག་གིས་མདུན་དུ་ལྷག་པའི་དཀའ་ངལ་དག་ལ་གདོང་ལེན་གནང་སྟེ་མི་མང་གི་མངོན་འདོད་ཇི་བཞིན་བསྒྲུབ་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་འཁོད་ཡོད།།
གསུང་འཕྲིན་ངོ་མ་ཨིན་ཡིག་ཐོག་སྩལ་ཡོད་པས་ཚིག་དོན་ལ་ཧེ་བག་ཡོད་ཚེ་ཨིན་ཡིག་ལ་རྩ་འཛིན་ཡོང་བ་ཞུ།།