༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༥ ཚེས་ ༢༦ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྣམས་དང་། སཱ་ར་མཐོ་སློབ་དང་ཨེ་མོ་རི་མཐོ་སློབ་བར་གྱི་ཤེས་ཡོན་བརྗེ་ལེན་ལས་གཞིའི་དགེ་སློབ་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ་དོན། ང་ཚོ་ཕྱོགས་གཅིག་ནས་བཙན་བྱོལ་བ་ཆགས་ཡོད། ཕྱོགས་གཞན་ཞིག་ནས་རྒྱ་གར་རང་དབང་ལུང་པ་དང་མང་གཙོའི་རྒྱལ་ཁབ་ཡིན་སྟབས། འབྲེལ་བ་བྱེད་རྒྱུར་སྟབས་བདེ་པོ་ཡོད། ངོས་རང་ལོ་རྒས་ཡོད་པས་ས་ཐག་རིང་པོར་འགྲོ་རྒྱུར་འདོད་པ་མེད་ཀྱང་། དགེ་བཤེས་ལགས་དང་རྒན་ལགས་རྣམས་ཕར་ཚུར་འགྲོ་འོང་བྱེད་ཐུབ་ཀྱི་ཡོད།སྔ་མོ་ཡིན་ན་ངོས་རང་སྐྱབས་མགོན་རིན་པོ་ཆེ་ཞེས་བཞུགས་ཁྲི་ཞིག་གི་སྟེང་དུ་རྫིག་པོ་བྱས་ནས་སྡོད་དགོས་པ་ལས་སྐད་ཆ་བཤད་རྒྱུ་དེ་ཙམ་མེད། དེང་སྐབས་རང་དབང་མང་གཙོའི་ལུང་པར་སླེབས་ནས་ངོས་ལ་ཆ་བཞག་ན་བཙན་བྱོལ་བ་ཆགས་ཡོད། དེར་བརྟེན་ཆེ་འདྲིས་ཆུང་འདྲིས་བྱས་ནས་མི་དང་མཉམ་དུ་སྐད་ཆ་བཤད། ངོས་ལ་ཉམས་མྱོང་ཡོད་པ་དེ་དག་བཤད་བྱེད་དུས་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་ཡག་པོ་འདུག དེ་ཡང་ཅོ་ནེ་བླ་མ་རིན་པོ་ཆེའི་སྤེལ་མར་བསྟོད་པ་ལས། རྟེན་ཞེས་ཆོས་ཉིད་མི་འདོར་ལ། །འབྱུང་ཞེས་འཇིག་རྟེན་ཚུལ་ཡང་སྟོན། །རིགས་ཚུལ་ཀུན་ལས་རྒྱལ་པོ་བཞིན། །རྟེན་ཅིང་འབྲེལ་འབྱུང་ཚད་མའི་བཀའ། །ཞེས་པ་འདི་ཧ་ཅང་གོ་རྒྱུ་ཆེན་པོ་རེད་འདུག དེས་སྟོང་ཉིད་ཀྱི་ལྟ་བ་ཟེར་ནས་ཕྱི་ལོགས་ཀྱི་རྣམ་གཞག་ཙམ་གཏན་ལ་ཕབ་པ་མ་ཡིན་པར། ང་ཚོའི་ཆགས་སྡང་གི་བློ་སྐྱེ་ཡོང་དུས། ཆགས་སྡང་སྐྱེ་སའི་ཡུལ་དེ་དོན་གྱི་ངོས་ནས་ཡོད་པ་ཞིག་བློ་ལ་སྣང་ཡོང་གི་ཡོད། སྣང་བ་ལྟར་དུ་ཕར་ངོས་ན་ཡོད་པའི་བསམ་བློ་བཏང་དེ་ཡིད་དུ་འོང་བ་ལ་ཆགས་པ་དང་། ཡིད་དུ་མི་འོང་བར་སྡང་བའི་བློ་སྐྱེ་ཡོང་གི་ཡོད། དེ་དག་ཐམས་ཅད་མིང་རྐྱང་བཏགས་ཡོད་ཙམ་ཡིན། རྟོགས་པས་བཏགས་ཙམ་ཡིན་བསམ་པའི་བསམ་བློ་འཁོར་ཡོང་དུས། ཆགས་སྡང་གི་བློ་སྐྱེ་བའི་གཞི་མ་དེ་རིམ་པས་ལྡུར་ཕྱིན་པ་ལྟ་བུ་ཧ་ཅང་ཡག་པོ་རེད་འདུགཐབས་ཀྱི་ཆ་ནས་བྱང་ཆུབ་ཀྱི་སེམས་སྒོམ། ཀུན་ལ་ཕན་པ་སྒྲུབ་པའི་བློ་ཡག་པོ་ཞིག་བསམ་བློ་བཏང་། ཤེས་རབ་ཀྱི་ཆ་ནས་སྟོང་པ་ཉིད་ཀྱི་དོན་ལ་གང་ཙམ་བསམ་བློ་བཏང་ཡོང་དུས། དེ་གཉིས་ཟུང་དུ་འབྲེལ་ཡོང་དུས་རང་རྒྱུད་ཀྱི་ཆགས་སྡང་རྨོངས་གསུམ་གང་གིས་ཀྱང་མི་ཐུབ་པར་སོ་སོའི་བློ་ལ་ཡང་དག་པའི་ལྟ་བ་ཡག་པོ་ཞིག་སླེབ་ཡོང་གི་འདུག
ངོས་ཀྱི་ངོས་ནས་རྩེ་གཅིག་པའི་ཞི་གནས་སྒོམ་རྒྱུའི་དུས་ཚོད་མེད་སྟབས་ཡོང་གི་མི་འདུག གཞན་སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་སེམས་ལ་བསམ་བློ་གཏོང་རྒྱུ་དེ་དག་གིས་ངོས་ཀྱི་མི་ཚེ་འདིར་བྱང་སེམས་སྦྱོར་ལམ་སྐྱེ་ཐུབ་པ་ངོས་ཀྱི་སེམས་ནང་དྲན་གྱི་འདུག སྦྱོར་ལམ་གྱི་རྟོགས་པ་ཞིག་རྙེད། དེ་ནས་རིམ་བཞིན་ས་དང་པོ་དང་། ས་གཉིས་པ། ས་གསུམ་པ་སོགས་ས་བཅུ་རིམ་གྱིས་བགྲོད་ནས། ཨོཾ་ཏདྱ་ཐཱ། ག་ཏེ་ག་ཏེ་པཱ་ར་ག་ཏེ། པཱ་ར་སཾ་ག་ཏེ། བོ་དྷི་སྭཱ་ཧཱ། ཞེས་ཚིག་ཙམ་མིན་པར་བསམ་བློའི་ནང་དེ་ལྟར་སྒོམ་ནས་ཡོང་ན་ཕལ་ཆེར་ལོ་འགའ་ཤས་ནང་སྦྱོར་ལམ་གྱི་རྟོགས་པ་སྐྱེ་མི་ཡོང་ངམ་སྙམ་པའི་ངོས་ཀྱིས་རེ་བ་རྒྱག་གི་ཡོད། སོ་སོའི་སེམས་ནང་གདེང་ཚོད་གང་ཙམ་ཡོང་གི་འདུག ངོས་ཀྱི་བློ་ལ་ཇི་ཙམ་དེ་ལྟ་བུའི་ཉམས་མྱོང་དེ་དང་འབྲེལ་ནས་ཆགས་སྡང་གི་བློས་གཞན་ཡུལ་སུན་ཕྱུང་ནས་མིང་རྐྱང་བཏགས་ཡོད་ཙམ་ཞེས་པའི་ཐོག་བློ་སླེབ་ཡོང་དུས་ཆགས་སྡང་གི་བློ་དེ་རང་བཞིན་གྱིས་ཉུང་དུ་འགྲོ་བ། དཔེར་ན། རྒྱ་མི་གུང་བྲན་གྱིས་བོད་པར་སྡུག་པོ་བཏང་དེ་བོད་མི་མང་པོས་རང་ཤི་བརྒྱབ་དགོས་བྱུང་པའི་གནས་སྟངས་མང་པོ་ཡོང་གི་ཡོད། སྡུག་བསྔལ་མྱོང་མཁན་གྱི་ལྷག་བསམ་དང་སྙིང་སྟོབས་ལ་རྗེས་སུ་ཡི་རང་དང་སྨོན་ལམ་རྒྱག་པ། རྒྱ་མི་གུང་བྲན་ལ་མཚོན་ན། མ་རིག་པའི་གཞན་དབང་དུ་གྱུར་པའི་བློ་སྣ་ཐུང་ཐུང་། མིག་རྒྱང་རིང་པོ་མི་མཐོང་མཁན་རྒྱ་མི་གུང་ཁྲན་གྱི་ལས་བྱེད་པ་དེ་དག་སྙིང་རྗེ་སྙམ་པའི་སྙིང་རྗེའི་བློ་དེ་ཤུགས་ཆེན་པོ་སླེབ་ཡོང་གི་འདུག དེར་བརྟེན་ཆགས་སྡང་གི་བློ་བསྐྱེད་རྒྱུ་དེ་རང་བཞིན་གྱིས་ཤུགས་ཆུང་དུ་འགྲོ་བཞིན་པ། ད་ལྟ་བར་དུ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་ཉམས་ལེན་ཧུར་ཐག་བྱས་པ་ཡིན། ལྷའི་རྣལ་འབྱོར་མང་པོ་འདོན་གྱི་ཡོད་ཀྱང་གཙོ་འདོན་གང་ཡང་བྱེད་ཀྱི་མེད། བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་གཙོ་བོ་བསམ་བློ་གཏོང་བཞིན་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ། །