༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༥ ཚེས་ ༡༧ ཉིན་བོད་མི་དང་འཛམ་གླིང་ཁྱོན་ཡོངས་ཀྱི་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་༸ཀུན་གཟིགས་པཎ་ཆེན་དགེ་འདུན་ཡེ་ཤེས་འཕྲིན་ལས་མཆོག་རྒྱ་ནག་གཞུང་གིས་གར་སོང་ཆ་མེད་བཏང་ནས་ལོ་ངོ་ཉི་ཤུ་རྩ་བརྒྱད་ཧྲིལ་པོ་འཁོར་བའི་དུས་དྲན་སྲུང་བརྩི་ཞུས་ཡོད།
དེ་ཡང་༸ཀུན་གཟིགས་པཎ་ཆེན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་མཆོག་རྒྱ་ནག་གཞུང་གི་བཙན་བཟུང་འོག་ནས་བཙོན་གྲོལ་ཐོབ་ཆེད་གདན་ས་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་ཨི་ཊ་ལི་དང་། ཁེ་ན་ཊ། ཨ་རི། ཨིན་ཡུལ་བཅས་སུ་ཕེབས་སྐོར་གྲུབ་རྗེས་ཕྱི་ལོ་ ༢༠༢༣ ཟླ་བ་ ༠༥ ཚེས་ ༡༤ ནས་ ༡༧ བར་སུད་སིའི་ཇི་ནི་ཝར་ཕེབས་འབྱོར་གྱིས་ཨ་རིའི་གཏན་འཇགས་སྐུ་ཚབ་ལྕམ་སྐུ་ཀེ་ལི་བྷི་ལིང་ཤེ་ (Kelly Billingsley) མཆོག་དང་། ཐའེ་ཝན་གྱི་གཞུང་ཚབ་ཆེན་མོ་ནེ་ཀོལ་སུ་ (Nicole Sue) མཆོག་དང་མཇལ་འཕྲད་ཀྱིས་པཎ་ཆེན་རིན་པོ་ཆེའི་གནད་དོན་ཞུ་གཏུག་གནང་ཡོད་པ་རེད།
སུད་སི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་གཟིག་རྒྱབ་རིན་པོ་ཆེར་ཕེབས་བསུ་དང་འབྲེལ་ཇི་ནི་ཝའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་ཞུ་ཡིག་ཅིག་ཕུལ་ཏེ་རྒྱལ་ཚོགས་ནས་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་གཏོར་སྐྱོན་མཚམས་འཇོག་དང་། པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་འཕྲལ་དུ་གློད་བཀྲོལ་ཆེད་འབོད་སྐུལ་གནང་སྐྱོང་ཡོང་བའི་རེ་སྐུལ་གནང་ཡོད།
ཞུ་ཡིག་ནང་སུད་སི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་རྒྱ་ནག་གཞུང་ངོས་ནས་འཆར་གཞི་ལྡན་པའི་ཐོག་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པ་རྩ་མེད་གཏོང་བྱུས་བྱེད་པར་བློ་འཚབ་དང་སྦྲགས། རྒྱ་གཞུང་གིས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་བཙན་བཟུང་བྱས་པ་ནི་གང་ཟག་སྒེར་ཞིག་གི་གནད་དོན་ཙམ་མ་ཡིན་པར་བོད་མིའི་ཆོས་དང་རིག་གཞུང་རྩ་མེད་གཏང་རྒྱུའི་འཆར་གཞི་ལྡན་པའི་སྲིད་བྱུས་ཤིག་ཡིན་སྐོར་འཁོད་ཡོད།
གཞན་ཡང་༸ཀུན་གཟིགས་པཎ་ཆེན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་མཆོག་བཙན་བཟུང་གར་སོང་ཆ་མེད་བཏང་ནས་ལོ་ངོ་ ༡༡ ཧྲིལ་པོ་འཁོར་བའི་དུས་དྲན་ཉིན་ཇི་ནི་ཝ་གནས་འཁོད་བོད་མི་རྣམས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གོ་སྒྲིག་གནང་ཞིང་། སྐབས་དེར་སུད་སི་གྲོས་ཚོགས་འཐུས་མི་ཨི་ས་བྷི་ལ་ (Isabelle Pasquier-Eichenberger) མཆོག་གིས་སུད་སི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚབ་ཞུས་ཏེ་གསུང་བཤད་གནང་སྐབས་སུད་སི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ངོས་ནས་བོད་ཀྱི་ཆོས་དང་རིག་གཞུང་གཏོར་སྐྱོན་མཚམས་འཇོག་ཆེད་ཐེ་བྱུས་བྱེད་དགོས་པའི་འབོད་སྐུལ་ཞུས་སྐོར་གསལ་བཤད་གནང་།
དེ་བཞིན་འདུ་འཛོམས་ཐོག་གཟིག་རྒྱབ་རིན་པོ་ཆེ་དང་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས། སུད་སི་དང་ལེག་ཊིན་ཚིན་བོད་རིགས་ཚོགས་པའི་ཚོགས་གཙོ་ཀརྨ་ཆོས་སྐྱིད་ལགས། སུད་བོད་མཛའ་འབྲེལ་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་རེ་ནི་ལོང་གྷེཊ་ (René Longet) ལགས། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་སྒྲོལ་མ་ལགས། ཡུ་རོབ་བོད་ཀྱི་གཞོན་ནུ་མཐུན་ཚོགས་ཀྱི་སྐུ་ཚབ་ཚེ་རིང་སྐལ་བཟང་ལགས་བཅས་ནས་གསུང་བཤད་གནང་ཡོད།
དུས་དྲན་ཉིན་མོ་དེ་དང་སྟབས་བསྟུན་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་བོད་ཕྱི་ནང་གཉིས་སུ་ཡོད་པའི་གདན་ས་བཀྲ་ཤིས་ལྷུན་པོའི་ཚབ་ཞུས་ཏེ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་པཎ་ཆེན་རིན་པོ་ཆེ་མཆོག་བཙོན་གྲོལ་ཐོབ་ཆེད་ཞུ་སྙན་ཞིག་ཀྱང་ཕུལ་ཡོད།
ཕྱི་ལོ་ ༢༠༢༣ ཟླ་བ་ ༠༥ ཚེས་ ༡༦ ཉིན་གྱི་ཕྱི་དྲོར་ཇི་ན་ཝ་གསར་འགོད་ལྷན་ཚོགས་སུ་པཎ་ཆེན་རིན་པོ་ཆེའི་གནད་དོན་སྐོར་གསར་འགོད་ལྷན་ཚོགས་ཤིག་གོ་སྒྲིག་ཞུས་ཐོག་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་དང་། སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས། ཇི་ནི་ཝ་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཚོགས་གཙོ་ཨི་ཊི་རིན་ཛོ་ལར་ (Adrien Zoller) ལགས་ནས་གསུང་བཤད་གནང་སྟེ། རྒྱ་ནག་གཞུང་ནས་པཎ་ཆེན་རིན་པོ་ཆེ་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པ་དང་། རྒྱལ་སྤྱིའི་མི་མང་ནས་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་སྒྲིག་རྡོག་རོལ་གཏོང་བཞིན་པར་གནོན་ཤུགས་སྤྲོད་དགོས་པའི་རེ་སྐུལ་གནང་ཡོད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གནང་སྐབས་སུད་སི་བོད་ཀྱི་བུད་མེད་ལྷན་ཚོགས་ནས་ཇི་ནི་ཝ་ལྷན་ཚོགས་འཚོག་ཡུལ་དུ་པཎ་ཆེན་རིན་པོ་ཆེ་གར་སོང་ཆ་མེད་དུ་བཏང་བའི་གནས་ཚུལ་གོ་རྟོགས་ཀྱི་ལས་འགུལ་སྤེལ་ཡོད་པ་བཅས།།