༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༢༣ ཟླ་བ་ ༠༥ ཚེས་ ༠༣ ནས་ ༠༧ བར་ཉིན་གྲངས་ལྔའི་རིང་སྦེལ་ཀོབ་བདེ་སླར་མི་མང་ཚོགས་ཁང་དུ་སྦེལ་ཀོབ་བོད་ཁྱིམ་དང་། སྦེལ་ཀོབ་སམ་བྷོ་ཊ་གཏན་སློབ། སྦེལ་ཀོབ་སམ་བྷོ་ཊ་སི་ཝི་པི། སམ་བྷོ་ཊ་གུ་རུ་པུ་ར། སམ་བྷོ་ཊ་ཀོ་ལི་གྷལ་སློབ་གྲྭ་བཅས་ཀྱི་འཛིན་རིམ་བདུན་པ་ནས་དགུ་པ་བར་གྱི་སློབ་ཕྲུག་རྣམས་ལ་དབྱར་དུས་འགོ་ཁྲིད་ཟབ་སྦྱོང་གོ་སྒྲིག་གནང་ཡོད་པ་རེད།
ཟབ་སྦྱོང་སྐབས་སློབ་གཉེར་བ་སོ་སོའི་འདོད་མོས་དང་། དགོས་མཁོ། དཀའ་ངལ་ལ་གཞིགས་པའི་སྡེ་ཚན་ཆ་བགོས་བྱས་ཏེ། སློབ་གཉེར་བ་རྣམས་ནས་འགོ་ཁྲིད་དང་མདུན་ལམ་སློབ་སྟོན་པས་འབྲེལ་མཐུད་ཞུས་ཐོག། དགེ་རྒན་རྣམས་ནས་སློབ་སྟོན་གནང་བ་བརྒྱུད་དམིགས་ཡུལ་གཏན་འབེབས་དང་། ཡུལ་སྐོར་སྤྲོ་འཆམ་པའི་རྩེད་རིགས། སོ་ནམ་ཞིང་ལས་གསར་གཏོད། ལྗང་ཚལ། གནམ་གཤིས་འགྱུར་ལྡོག་དང་འཕྲུལ་རིག མཉེན་ཆས་དང་དྲྭ་ཚིགས་བཟོ་སྒྲིག སྒྲུང་གཏམ་བཤད་རྩལ་དང་ཟློས་གར། སློབ་ཕྲུག་གི་ཚོགས་ཆུང་གསར་འཛུགས་སོགས་ཀྱི་སྐོར་སློབ་ཁྲིད་གནང་གི་ཡོད།
ཟབ་སྦྱོང་གི་དབུ་འབྱེད་མཛད་སྒོའི་ཐོག་ལུགས་བསམ་ས་གནས་འགོ་འཛིན་གུ་རུ་ཉི་མ་ལགས་དང་། བདེ་སྐྱིད་སླར་གསོའི་ས་གནས་འགོ་འཛིན་འཆི་མེད་རྡོ་རྗེ་ལགས། སྦེལ་ཀོབ་བོད་ཁྱིམ་གྱི་སློབ་སྤྱི་རྣམ་རྒྱལ་ཚེ་རིང་ལགས། སམ་བྷོ་ཊ་སྦེལ་ཀོབ་ཀྱི་སློབ་སྤྱི་ཟླ་བ་བཀྲ་ཤིས་ལགས། སྦེལ་ཀོབ་སམ་བྷོ་ཊ་སི་ཝི་པིའི་སློབ་སྤྱི་ཚེ་རིང་ཆོས་འཕེལ་ལགས་ལྷན་ཞུགས་གནང་ཡོད་ཅིང་། སྐབས་དེར་ས་གནས་འགོ་འཛིན་རྣམ་པས་སློབ་གཉེར་བ་རྣམས་ལ་འགོ་ཁྲིད་ནུས་རྩལ་གྱི་གལ་གནད་དང་། བོད་མི་ཞིག་ཡིན་པའི་ལས་འགན་དྲན་སྐུལ་གནང་བ་མ་ཟད། ཤེས་རིག་ལས་ཁུངས་ནས་སློབ་གཉེར་བ་ཡིན་ནོ་ཅོག་མཉམ་ཞུགས་ཐུབ་སླད་ས་གནས་སུ་ཟབ་སྦྱོང་གོ་སྒྲིག་གནང་བར་ཐུགས་རྗེ་ལེགས་འབུལ་ཞུས་པའི་ཁར། སློབ་གཉེར་བ་རྣམས་ནས་ཉིན་གྲངས་ལྔའི་རིང་ཟབ་སྦྱོང་ནང་དང་འདོད་ཡོད་པའི་ཐོག་མཉམ་ཞུགས་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།
ཤེས་རིག་ལས་ཁུངས་ནས་གོ་སྒྲིག་ཞུ་བཞིན་པའི་དབྱར་དུས་འགོ་ཁྲིད་ཟབ་སྦྱོང་འདི་བཞིན་སློབ་གཉེར་བ་རྣམས་ནས་རང་ཉིད་ཀྱི་སྐོར་ཤེས་རྟོགས་དང་། སྤྱི་ཚོགས་ཀྱི་བདེ་དོན་སླད་ཞབས་འདེགས་བསྒྲུབ་རྒྱུའི་སྡིངས་ཆ་གལ་ཆེ་ཞིག་ཡིན་ཞིང་། ལས་གཞི་འདིར་ཁེ་ན་ཊའི་རོགས་ཚོགས་ (Global Affairs Canada) ནས་མཐུན་འགྱུར་སྦྱར་ཡོད། ཐེངས་འདིའི་ཟབ་སྦྱོང་གི་སློབ་སྟོན་པ་ (KAARMIC Education & adventureX) ཞེས་པའི་སྤྱི་ཁྱབ་འགན་འཛིན་དང་གསར་འཛུགས་གནང་མཁན་ཨཱ་དིཏྱ་སུབྲམ་ཎྱམ་ (Adithya Subramanian) ལགས་དང་ཁོང་གི་ཚོགས་པས་གནང་གི་ཡོད་པ་རེད། དེ་ལྟ་བུའི་ཟབ་སྦྱོང་དེ་སྔ་ཕྱི་ལོ་ ༢༠༢༢ ནང་སམ་བྷོ་ཊ་མོན་གྷོ་དང་། གོ་པལ་པུར་བོད་ཁྱིམ་ནང་གོ་སྒྲིག་གནང་ཡོད་པ་བཅས།།