༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༥ ཚེས་ ༢༢ ཉིན་ལས་བྱེད་འདེམས་བསྐོ་ལྷན་ཁང་གིས་རྒྱ་གར་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་དུ་གོ་སྒྲིག་ཞུས་པའི་ས་གནས་འགོ་འཛིན་རྣམ་པའི་ཟབ་སྦྱོང་ལེགས་པར་མཇུག་སྒྲིལ་ཡོད།
དེ་ཡང་ས་གནས་འགོ་འཛིན་རྣམ་པའི་ཟབ་སྦྱོང་གི་དམིགས་ཡུལ་གཙོ་བོ་ནི། ས་གནས་འགོ་འཛིན་རྣམས་ཀྱི་དབུ་ཁྲིད་ནུས་སྩལ་གོང་མཐོར་གཏང་རྒྱུ་ཡིན་པ་ལྟར་སྡེ་ཁག་གཉིས་སུ་ཆ་བགོས་ཞུས་ཐོག་ཕྱི་ལོ་ ༢༠༢༣ ཟླ་བ་ ༠༡ ཚེས་ ༠༩ ནས་ ༡༤ བར་སྡེ་ཁག་དང་པོའི་ཁོངས་སུ་རྒྱ་གར་བྱང་ཕྱོགས་དང་། ལྷོ་ཕྱོགས། དབུས་ཁུལ་གྱི་ས་གནས་འགོ་འཛིན་འགོ་འཛིན་རྣམ་པ་དང་། ད་ཐེངས་རྒྱ་གར་བྱང་ཤར་དང་། བལ་ཡུལ་ཁུལ་གྱི་ས་གནས་འགོ་འཛིན་ཁག་ལ་ཟབ་སྦྱོང་གནང་ཡོད་པ་རེད། ཟབ་སྦྱོང་གི་གྲོས་གཞི་ཆེ་ཁག་ནི་འབྲེལ་ལམ་འཛུགས་སྐྲུན་དང་། གང་ཟག་སྒེར་ཕན་ཚུན་གྱི་འབྲེལ་བ། དབུས་གཞུང་གི་ལས་འཆར་ངོ་སྤྲོད། རྒྱ་གར་གྱི་ཁྲིམས་སྒྲིག་ངོ་སྤྲོད། གནད་དོན་ཐག་གཅོད། དུས་ཚོད་སྟངས་འཛིན་སོགས་ཡིན་པ་རེད། ཟབ་སྦྱོང་གི་མཇུག་སྡོམ་མཛད་སྒོའི་ཐོག་རྒྱ་གར་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་གི་ངེས་སྟོན་པ་ཨེས་ཨེན་ཏྲི་པ་ཋི་ (S.N. Tripathi) ལགས་སྐུ་མགྲོན་གཙོ་བོར་ཕེབས་ཏེ་གསུང་བཤད་གནང་སྐབས་དེ་སྔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བསྟི་གནས་ཁང་གི་ཚོགས་ཁང་རབ་གནས་གནང་བར་ཆིབས་སྒྱུར་བསྐྱངས་པ་དྲན་གསོ་དང་འབྲེལ། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་འདེམས་བསྐོ་ལྷན་ཁང་དང་རྒྱ་གར་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་བར་གྱི་ཡུན་རིང་གི་འབྲེལ་བའི་སྐོར་གསུང་བཤད་དང་། དམིགས་བསལ་ཁོང་གིས་རྒྱ་གར་གྱི་དབུས་དང་མངའ་སྡེའི་གཞུང་ལ་ཡིག་འབྲེལ་ཕུལ་ཏེ་ཕྱི་ལོ་ ༢༠༡༤ ལོའི་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་དགོངས་དོན་རྒྱ་གར་གཞུང་གི་ལས་འཆར་ཁག་གི་ཁེ་དབང་བོད་མི་རྣམས་ལའང་སྤྲོད་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་པའི་ཞལ་བཞེས་བཟང་པོ་གནང་ཡོད།
དེ་རྗེས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་དྲུང་ཆེ་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་རྒྱ་གར་འཛིན་སྐྱོང་སྦྱོར་བརྡར་བསྟི་གནས་ཁང་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ལ་ལོ་མང་རིང་ནས་རྒྱབ་སྐྱོར་མཐུན་གྲོགས་གནང་བར་ཐུགས་རྗེ་ལེགས་འབུལ་ཞུས་པ་དང་ཆབས་ཅིག་ས་གནས་འགོ་འཛིན་རྣམ་པས་ཟབ་སྦྱོང་སྐབས་སྦྱང་པའི་ཤེས་ཡོན་རྣམས་ལས་དོན་བྱེད་སྐབས་ལག་བསྟར་གནང་དགོས་པའི་འབོད་སྐུལ་གནང་ཡོད།
དེ་བཞིན་ཁོང་མོས་ས་གནས་འགོ་འཛིན་རྣམས་ནས་ས་གནས་ཀྱི་དཀའ་ངལ་གྱི་སྟེང་དབུས་ཀྱི་ལས་ཁུངས་ཁག་བདུན་གྱི་ལས་དོན་ཆེ་ཕྲ་ཁག་ལག་ལེན་དོན་འཁྱོལ་གནང་སྟེ་སྐུ་ངལ་སྐྱོན་བཞིན་པར་བསྔགས་བརྗོད་གནང་ཡོད་པ་བཅས།།