༄༅། །རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ནས་ཕྱི་ལོ་ ༢༠༢༣ ཟླ་བ་ ༠༥ ཚེས་ ༡༢ ཉིན་འཛིམ་རིམ་བཅུ་པ་དང་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་ཡོངས་ཁྱབ་གསལ་བསྒྲགས་གནང་ཡོད་པ་རེད།
དེ་ཡང་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཁྱབ་ཁོངས་འཛིན་རིམ་བཅུ་པའི་སློབ་མ་རྣམས་ནས་ཕྱི་ལོ་ ༢༠༢༣ ཟླ་བ་ ༠༢ ཚེས་ ༡༤ ནས་ཟླ་བ་ ༠༣ ཚེས་ ༢༡ བར་དང་། དེ་མཚུངས་འཛིན་རིམ་བཅུ་གཉིས་པའི་སློབ་མ་རྣམས་ནས་ཕྱི་ལོ་ ༢༠༢༣ ཟླ་བ་ ༠༢ ཚེས་ ༡༥ ནས་ཟླ་བ་ ༠༤ ཚེས་ ༠༥ བར་ཡིག་རྒྱུགས་ལ་ཞུགས་ཡོད་པ་ལྟར། བོད་སློབ་ཁོངས་ནས་སམ་བྷོ་ཊ་བོད་སློབ་ཚོགས་པ་དང་། རྡ་ས་བོད་ཁྱིམ། མ་སུ་རི་བོད་ཁྱིམ་བཅས་ཀྱི་འཛིན་རིམ་བཅུ་གཉིས་ཀྱི་སློབ་ཕྲུག་གྲངས་ ༡༠༥༥ ཡིག་རྒྱུགས་ལ་མཉམ་ཞུགས་གནང་བའི་ནང་ནས་སློབ་ཕྲུག་གྲངས་ ༡༠༣༨ ཡིག་རྒྱུགས་འཕྲོད་དེ་འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨་༣༩ དང་། ཆ་སྙོམ་བརྒྱ་ཆ་ ༧༣་༡༣ ཡིན། དེ་ལས་སམ་བྷོ་ཊ་བོད་སློབ་ཚོགས་པའི་ཁོངས་གཏོགས་སློབ་གྲྭ་གྲངས་ ༠༣ དང་། རྡ་ས་བོད་ཁྱིམ་ཁོངས་གཏོགས་སློབ་གྲྭ་གཅིག་བཅས་ནས་ཡིག་རྒྱུགས་གྲུབ་འབྲས་བརྒྱ་ཆ་བརྒྱ་ལེགས་སོན་བྱུང་ཡོད། བོད་སློབ་ཁག་བརྒྱད་ཀྱི་འཛིན་རིམ་བཅུ་གཉིས་ཀྱི་སློབ་མ་ ༡༣ བསྐྱར་རྒྱུགས་དང་། སློབ་མ་ ༠༤ དམིགས་བསལ་ཆ་རྐྱེན་འོག་བསྐྱར་རྒྱུགས་ལ་ཞུགས་དགོས་བྱུང་ཡོད།
བོད་སློབ་གྲངས་ ༢༣ ནས་སློབ་མ་གྲངས་ ༡༡༡༤ འཛིན་རིམ་བཅུ་པའི་ཡིག་རྒྱུགས་ལ་མཉམ་ཞུགས་གནང་བའི་ཁོངས་སློབ་མ་གྲངས་ ༡༠༦༧ ཡིག་རྒྱུགས་འཕྲོད་དེ་ཁྱོན་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་༩༥་༧༩ དང་། ཆ་སྙོམ་བརྒྱ་ཆ་ ༦༡་༧༤ ཡིན། དེ་ལས་སམ་བྷོ་ཊ་བོད་སློབ་ཚོགས་པའི་ཁྱབ་ཁོངས་སློབ་གྲྭ་གྲངས་ ༠༥ དང་། རྡ་ས་བོད་ཁྱིམ་ཁྱབ་ཁོངས་སློབ་གྲྭ་བཞི་བཅས་ནས་ཡིག་རྒྱུགས་གྲུབ་འབྲས་བརྒྱ་ཆ་བརྒྱ་ལེགས་སོན་བྱུང་ཡོད། འཛིན་རིམ་བཅུ་པའི་ནང་བོད་སློབ་གྲངས་ ༡༤ ནས་སློབ་ཕྲུག་ ༤༧ བསྐྱར་རྒྱུགས་གཏོང་དགོས་བྱུང་ཡོད།
བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་བོད་སློབ་ཁག་གི་སློབ་ཕྲུག་རྣམས་ནས་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱི་ཡིག་རྒྱུགས་ཆེན་མོར་གྲུབ་འབྲས་ལེགས་སོན་བྱུང་བར་འཚམས་འདྲི་དང་སྦྲགས། འབྲེལ་ཡོད་དགེ་རྒན་དང་། སློབ་སྤྱི། ཕ་མ་རྣམས་ལ་བསྔགས་བརྗོད་ཞུ། ཡིག་རྒྱུགས་གྲུབ་འབྲས་ལེགས་སོན་མ་བྱུང་བའི་སློབ་མ་ཚོས་སེམས་ཤུགས་མ་ཆག་པར་འབད་བརྩོན་ཧུར་སྐྱེད་གནང་དགོས་པ་བཅས།།