༄༅། །བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་ཕྱི་ལོ་ ༢༠༢༣ ཟླ་བ་ ༠༥ ཚེས་ ༠༡ ནས་བོད་སློབ་ཁག་གི་བུད་མེད་སློབ་མ་རྣམས་ལ་མིའི་པགས་སྐྲན་གཉན་སྲིན་ (Human Papillomavirus) འགོག་ཁབ་རྒྱག་འགོ་བཙུགས་ཡོད་པ་རེད།
དེ་ཡང་མིའི་པགས་སྐྲན་གཉན་སྲིན་ལ་བརྟེན་ནས་འཛམ་གླིང་སྤྱི་ཡོངས་སུ་བུད་མེད་མང་དག་ཅིག་ལ་འབྲས་ནད་ཕོག་སྟེ་ཚེ་འདས་སུ་འགྲོ་བཞིན་ཡོད་པ་དང་། མིའི་པགས་སྐྲན་གཉན་སྲིན་འགོག་ཁབ་ལ་བརྟེན་ནས་འབྲས་ནད་སྔོན་འགོག་ཆེད་ཕན་ཐོགས་ཆེན་པོ་ཡོད། འཕྲོད་བསྟེན་ལས་ཁུངས་ནས་བོད་སློབ་ཁག་གི་ལོ་ངོ་ ༧ ནས་ ༡༢ བར་གྱི་བུད་མེད་སློབ་མ་ཡོངས་ལ་འགོག་ཁབ་བརྒྱབ་འཆར་ཡོད་པ་ལྟར། འདི་ལོར་རྒྱ་གར་བྱང་ཕྱོགས་ཁུལ་གྱི་བོད་སློབ་ཁག་གི་སློབ་བུ་མོ་རྣམས་ལ་འགོག་ཁབ་བརྒྱབ་རྒྱུ་དང་། དེ་རྗེས་བོད་སློབ་གཞན་རྣམས་སུ་རིམ་བཞིན་བརྒྱག་འཆར་ཡོད། སྔོན་འགོག་ཁབ་དེ་ཡང་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་དང་རྒྱལ་ཡོངས་འབྲས་ནད་བསྟི་གནས་ཁང་གི་ལམ་སྟོན་གཞིར་བཟུང་རྒྱག་བཞིན་ཡོད་ཅིང་། ད་བར་རྡ་སྟེང་བོད་ཁྱིམ་དང་། སམ་བྷོ་ཊ་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ རཇ་པུར་དང་བདེ་སྐྱིད་གླིང་བོད་ཁྱིམ་སློབ་གྲྭ་བཅས་ཀྱི་བུད་མེད་སློབ་མ་གྲངས་ ༢༡༩ ལ་སྔོན་འགོག་ཁབ་བརྒྱབ་ཟིན་ཡོད་པ་བཅས།།