༄༅། །བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ལས་ཚེ་རིང་ལགས་དང་ལས་འཆར་འགན་འཛིན་བསྟན་འཛིན་ཚེ་དབྱངས་ལགས་གཉིས་ནས་ཕྱི་ལོ་ ༢༠༢༣ ཟླ་བ་ ༠༤ ཚེས་ ༢༥ ནས་ཟླ་བ་ ༠༥ ཚེས་ ༡༢ བར་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་བཞིའི་འཕྲོད་བསྟེན་སྨན་ཁང་སོ་སོའི་འཕྲོད་བསྟེན་སྤུས་ཚད་ཞིབ་དཔྱོད་གནང་ཡོད་པ་རེད། དེ་མཚུངས་སྨན་པ་ཚེ་རིང་མཚམས་གཅོད་ལགས་དང་འཕྲོད་བསྟེན་གྲངས་ཐོ་ལས་གཞིའི་འབྲེལ་མཐུད་པ་བསྟན་འཛིན་པདྨ་ལགས་གཉིས་ནས་ཨོ་ཊི་ཤ་སྨན་ལྷ་སྨན་ཁང་དང་། བྷན་ད་ར། མེན་པཊ་འཕྲོད་བསྟེན་སྨན་ཁང་སོ་སོར་ཕྱི་ལོ་ ༢༠༢༣ ཟླ་བ་ ༠༥ ཚེས་ ༠༥ ནས་ ༡༣ བར་འཕྲོད་བསྟེན་སྤུས་ཚད་དཔྱད་ཞིབ་གནང་ཡོད།
དེ་ཡང་འཕྲོད་བསྟེན་སྨན་ཁང་ཁག་གི་འཕྲོད་བསྟེན་སྨན་བཅོས་སྤུས་ཚད་གལ་འགངས་ཆེན་པོ་ཡིན་པ་ལྟར། འཕྲོད་བསྟེན་ལས་ཁུངས་ཀྱི་(Optimal Service Model)ཞེས་པའི་ཚན་པས་སྨན་ཁང་སོ་སོའི་སྤུས་ཚད་འགན་ལེན་ལམ་སྟོན་ཞིག་ཕྱི་ལོ་ ༢༠༢༡ ལོར་གཏན་འབེབས་གནང་ཡོད་ཅིང་། དེ་བརྒྱུད་འཕྲོད་བསྟེན་སྨན་ཁང་གི་མཐུན་རྐྱེན་དང་འཕྲོད་ལས་པའི་ནུས་ཚད་གོང་འཕེལ་གཏང་རྒྱུ་ཡིན་པ་རེད། ད་བར་འཕྲོད་བསྟེན་ལས་ཁུངས་ཀྱིས་ལ་དྭགས་བསོད་ནམས་གླིང་ས་གནས་འཕྲོད་བསྟེན་སྨན་ཁང་དང་། བདེ་སྐྱིད་གླིང་ས་གནས་འཕྲོད་བསྟེན་སྨན་ཁང་། ཧུན་སུར་རབ་རྒྱས་གླིང་ས་གནས་འཕྲོད་བསྟེན་སྨན་ཁང་། ཀོ་ལི་གྷལ་དོན་ལྡན་གླིང་ས་གནས་འཕྲོད་བསྟེན་སྨན་ཁང་། བྷན་ད་ར་ནོར་རྒྱས་གླིང་ས་གནས་འཕྲོད་བསྟེན་སྨན་ཁང་། ལྡི་ལི་བསམ་ཡས་གླིང་ས་གནས་འཕྲོད་བསྟེན་སྨན་ཁང་། མེན་པཊ་ཕན་བདེ་གླིང་ས་གནས་འཕྲོད་བསྟེན་སྨན་ཁང་། སྨན་ལྷ་སྨན་ཁང་། འཚོ་བྱེད་སྨན་ཁང་། འདོད་རྒུ་གླིང་བོད་མིའི་སྨན་ཁང་བཅས་སུ་འཕྲོད་བསྟེན་སྤུས་ཚད་ཞིབ་དཔྱོད་གནང་ཟིན་ཡོད་པ་བཅས།།