༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ཕྱི་ལོ་ ༢༠༢༣ ཟླ་བ་ ༠༥ ཚེས་ ༡༥ ཉིན་ནས་འགོ་བཙུགས་ཀྱིས་ཕྱི་ཚེས་ ༢༠ བར་ཉིན་གྲངས་ ༠༦ རིང་རྒྱ་གར་གྱི་རྒྱལ་ལ་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་གྱི་སྤྱི་དམངས་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་དུ་རྒྱ་གར་བྱང་ཤར་ཁུལ་དང་། བལ་ཡུལ་ཁུལ་གྱི་ས་གནས་འགོ་འཛིན་གྲངས་ ༡༣ ལ་འགོ་ཁྲིད་རིག་རྩལ་སྐྱེད་སྲིང་གི་ཟབ་སྦྱོང་ཞིག་གོ་སྒྲིག་གནང་ཡོད།
དེ་ཡང་འགོ་ཁྲིད་རིག་རྩལ་སྐྱེད་སྲིང་གི་ཟབ་སྦྱོང་དབུ་འབྱེད་མཛད་སྒོའི་ཐོག་རྒྱ་གར་གྱི་སྤྱི་དམངས་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་གི་ལས་གཞིའི་ངེས་སྟོན་པ་ལྕམ་སུ་ར་བྷི་པན་ཊེ་ (Surabhi Pandey) ལགས་ཀྱིས་སྐུ་མགྲོན་རྣམ་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་དང་ཟབ་སྦྱོང་དུ་མཉམ་ཞུགས་གནང་མཁན་རྣམས་ལ་ཕེབས་བསུའི་གསུང་བཤད་གནང་གྲུབ་མཚམས་སྐུ་ཞབས་རཱ་ཇེཤ་སཱ་ཧེ་ (Rajesh Sahai) ལགས་ཀྱིས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་དཔེ་ཟུར་དབང་འདུས་ཚེ་རིང་མཆོག་ལ་དྲན་རྟེན་ལེགས་སྐྱེས་ཤིག་ཕུལ་ཡོད། དེ་རྗེས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་དཔེ་ཟུར་དབང་འདུས་ཚེ་རིང་མཆོག་གིས་ཟབ་སྦྱོང་དུ་མཉམ་ཞུགས་གནང་མཁན་རྣམས་ལ་ཟབ་སྦྱོང་གི་དགོས་དམིགས་དང་བརྗོད་གཞི་སོགས་ཀྱི་སྐོར་ངོ་སྤྲོད་གསུང་བཤད་གནང་ཡོད།གཞན་ཡང་དཔེ་ཟུར་དབང་འདུས་ཚེ་རིང་མཆོག་གིས། ཐེངས་འདིའི་ཟབ་སྦྱོང་ནི། དེ་སྔོན་ཟབ་སྦྱོང་གི་གོ་སྐབས་བཞེས་མ་ཐུབ་མཁན་གྱི་ས་གནས་གནས་འགོ་འཛིན་ཁག་གཅིག་ལ་ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ཟབ་སྦྱོང་གོ་སྒྲིག་གནང་བ་ཡིན་སྐོར་དང་། འགོ་ཁྲིད་རིག་རྩལ་སྐྱེད་སྲིང་གི་གལ་གནད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྟག་ཏུ་འགོ་ཁྲིད་ཅེས་པ་ནི་གཙོ་བོ་གཞན་གྱི་བདེ་སྡུག་ལ་ལྷག་བསམ་རྣམ་དག་གིས་ལྟ་ཐུབ་མཁན་ཞིག་དགོས་པའི་བཀའ་སློབ་ཕེབས་ཀྱི་ཡོད་སྐོར་སོགས་གསུངས་པ་མ་ཟད། གཞན་ཕན་གྱི་ཀུན་སློང་ནི་འགོ་ཁྲིད་ཅིག་ལ་ཚང་དགོས་པའི་སྔོན་འགྲོའི་ཆ་རྐྱེན་དང་པོ་དེ་ཡིན་སྐོར་གསུངས་པ་དང་འབྲེལ་མཉམ་ཞུགས་གནང་མཁན་རྣམས་ནས་ཟབ་སྦྱོང་གི་གོ་སྐབས་སྟངས་འཛིན་གྱིས་སྦྱང་བརྩོན་ལྷོད་མེད་གནང་སྟེ་ཕྱིས་སུ་སོ་སོའི་ཉེན་རེའི་འཚོ་བའི་ནང་དངོས་སུ་ལག་བསྟར་གནང་དགོས་པའི་འབོད་སྐུལ་གནང་ཡོད།
རྒྱ་གར་གྱི་སྤྱི་དམངས་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་གི་ཟབ་ཁྲིད་པ་གྲགས་ཅན་སྐུ་ཞབས་རཱ་ཇེཤ་སཱ་ཧེ་ (Rajesh Sahai) ལགས་ཀྱིས་འགོ་ཁྲིད་ཟབ་སྦྱོང་གི་གལ་གནད་དང་། འགོ་ཁྲིད་ཟེར་བ་ནི་དང་པོ་རང་གིས་རང་ཉིད་ལ་འགོ་ཁྲིད་གནང་དགོས་པ་དང་། དེ་ནས་གཞན་ལ་འགོ་ཁྲིད་གནང་ཐུབ་པའི་སྐོར་གསུངས། མཐར་ངེས་སྟོན་པ་ལྕམ་སུ་ར་བྷི་པན་ཊེ་ (Surabhi Pandey) ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཞིང་། ཟབ་སྦྱོང་གི་འགྲོ་གྲོན་སླད་ཨ་རིའི་རོགས་ཚོགས་ (USAID) དང་རྒྱལ་ཡོངས་མང་གཙོ་བསྟི་གནས་ཁང་ (NDI) གིས་མཐུན་འགྱུར་གནང་ཡོད་པ་བཅས།།