༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༥ ཚེས་ ༡༧ ཉིན་ཏེ་འཛམ་གླིང་ཁྲག་ཤེད་མཐོ་བའི་ནད་གཞི་ཉིན་མོ་དང་སྟབས་བསྟུན་བོད་མིའི་གཞིས་ཆགས་ཁག་ཏུ་དེ་འབྲེལ་ལས་འགུལ་སྤེལ་ཏེ་ཁྲད་ཤེད་མཐོ་བའི་ནད་གཞིའི་ཉིན་མོ་སྲུང་བརྩི་ཡོད།
དེ་ཡང་འདི་ལོའི་འཛམ་གླིང་ཁྲག་ཤེད་མཐོ་བའི་ནད་གཞིའི་བརྗོད་སྙིང་དུ་ ༼ ཁྲག་ཤེད་ཞིབ་ཚགས་ཀྱིས་འཇལ་ཞིང་། དེ་ལ་ཚོད་འཛིན་གྱིས་མི་ཚེ་རིང་བ་འཚོ། ༽ ཞེས་བདམས་ཡོད་པ་ལྟར་བཙན་བྱོལ་བོད་མིའི་གཞིས་ཆགས་དང་སློབ་གྲྭ་ཁག་སོ་སོར་ནད་གཞི་གོ་རྟོགས་གསུང་བཤད་དང་། འཕྲོད་བསྟེན་བརྟག་དཔྱད་སོགས་ཀྱི་ལས་གཞི་སྤེལ་གྱི་ཡོད་ལ། འཕྲོད་བསྟེན་ལས་ཁུངས་ནས་ཁྲག་ཤེད་མཐོ་བའི་ནད་གཞི་སྐོར་རྡ་ས་བདེ་ལེགས་སྨན་ཁང་གི་སྨན་པ་བསོད་ནམས་སྟོབས་རྒྱལ་ལགས་དང་ལྷན་དུ་བོད་ཀྱི་བརྙན་འཕྲིན་བརྒྱུད་བགྲོ་གླེང་གསུང་བཤད་གོ་སྒྲིག་གནང་ཡོད།
ཐེངས་འདིའི་ལས་གཞི་ཁག་ལ་ཨ་རིའི་རོགས་ཚོགས་ནས་མཐུན་འགྱུར་གནང་ཡོད་པ་བཅས།།