༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམ་པ་ལོ་གཉིས་དང་ཕྱེད་སྔ་མའི་ནང་མང་ཚོགས་ལ་ཆབ་སྲིད་སོགས་ཀྱི་ལམ་སྟོན་དང་། བདེ་སྡུག་གཟིགས་ཞིབ་སླད་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར། སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༨ ནས་ ༡༢ བར་བཞུགས་སྒར་རྡ་ས་ས་འགོ་ཁྱབ་ཁོངས་ཁག་དང་། ཕྱི་ཚེས་ ༡༣ ནས་ ༡༤ བར་ཌལ་ཧོར་ཕུན་ཚོགས་གླིང་གཞིས་ཆགས་སུ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ལེགས་གྲུབ་བྱུང་ཡོད།དེ་ཡང་ཕྱི་ཚེས་ ༨ ཉིན་ནས་རྡ་ས་ཁུལ་གྱི་ལས་རིམ་ཁག་དབུ་འཛུགས་གནང་ཞིང་། དེ་ཉིན་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་དང་ལྷན་རྡ་ས་ས་འཐུས་ཚོགས་གཙོ་ཟླ་བ་ཚེ་རིང་ལགས་དང་། རྡ་ས་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་ལགས། རྡ་ས་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་ངག་དབང་ཡེ་ཤེས་ལགས་བཅས་མཉམ་བཅར་ཐོག སྨན་རྩིས་ཁང་དང་། བོད་ཀྱི་ཟློས་གར་ཚོགས་པ། རྡ་སྟེང་བོད་ཁྱིམ་སློབ་གྲྭ མེཀ་ལོར་གྷན་ཇི་བཅས་སུ་གཟིགས་སྐོར་དང་། དེ་བཞིན་ལས་བྱེད་དང་། སློབ་ཕྲུག མི་མང་བཅས་སོ་སོར་འདུ་འཛོམས་ཐོག སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན། རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ། བོད་མིའི་སྒྲིག་འཛུགས་དང་། སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་ལྔ་པའི་ལས་རིམ་སྐོར་སོགས་ཀྱི་ཐོག་གསུང་བཤད་དང་། འདུ་འཛོམས་སྐབས་སོ་སོར་ཚོགས་བཅར་བས་ཕུལ་བའི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་འདུག
ཕྱི་ཚེས་ ༩ ཉིན་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་གངས་སྐྱིད་དཔེ་སྟོན་སློབ་གྲྭ་དང་། རྡ་ཤོད་བོད་ཁྱིམ་སློབ་གྲྭ སཾ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་། དཔེ་སྟོན་སློབ་གྲྭ ཤེས་རབ་དགའ་ཚལ་སློབ་གླིང་བཅས་སུ་གཟིགས་སྐོར་དང་། དེ་རྗེས་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་གཟིགས་སྐོར་དང་སྦྲགས། ལས་བྱེད་རྣམས་དང་ལྷན་ཚོགས་འདུ་ཚོགས་རྗེས། བཙུན་དགོན་སྒྲོལ་མ་གླིང་ལ་གནས་གཟིགས་ཕེབས་གནང་ཡོད་འདུག
ཕྱི་ཚེས་ ༡༠ ཉིན་གྱི་སྔ་དྲོ་བཙུན་དགོན་ཤུག་གསེབ་ཨོ་རྒྱན་རྫོང་དང་། བཙུན་དགོན་འཇམ་དབྱངས་ཆོས་གླིང་། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་བཅས་སུ་གཟིགས་སྐོར་དང་། ཉིན་རྒྱབ་ཏེ་ལོ་པུར་ཉེ་འགྲམ་དུ་ཡོད་པའི་ཞ་ལུ་དགོན་དང་། བཙུན་དགོན་ཀརྨ་སྒྲུབ་བརྒྱུད་དར་རྒྱས་གླིང་དགོན་པ་བཅས་ལ་གནས་མཇལ་དང་། དེ་བཞིན་དགོན་སྡེ་ཁག་གི་གྲྭ་བཙུན་རྣམ་པ་སོ་སོར་ཐུག་འཕྲད་ཀྱིས་གསུང་བཤད་དང་། ཚོགས་བཅར་བའི་དྲི་བར་ལན་འདེབས་གསལ་བཤད་གནང་ཡོད་འདུག
ཕྱི་ཚེས་ ༡༡ ཉིན་གྷོ་པལ་པུར་བོད་ཁྱིམ་སློབ་གྲྭར་གཟིགས་སྐོར་དང་། དེ་བཞིན་དགེ་ལས་སློབ་ཕྲུག་དང་བཅས་པ་ཐུག་འཕྲད་ཀྱིས་གསུང་བཤད་དང་། དེ་ནས་ཅ་མུན་ཌ་ཚོང་པ་རྣམས་དང་ལྷན་ཐུག་འཕྲད་ཀྱིས་ཁོང་རྣམ་པའི་བདེ་སྡུག་གནས་སྟངས་སྐོར་གསན་ཞིབ་གནང་རྗེས། གསང་ཆེན་རྒྱུད་སྟོད་གྲྭ་ཚང་དུ་ཆེད་ཕེབས་ཀྱིས་དགེ་འདུན་པ་འདུ་འཛོམས་ཐོག་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་གོང་བཞིན་བརྗོད་གཞིའི་ཐོག་གསུང་བཤད་དང་། ཚོགས་བཅར་བའི་དོགས་འདྲི་དང་དགོངས་ཚུལ་ཕུལ་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད། གསུང་བཤད་ཀྱི་ལས་རིམ་གྲུབ་མཚམས། སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་དང་། ས་གནས་ཀྱི་ལས་སྣེ་རྣམ་པས་དཔལ་ལྡན་རྒྱུད་སྟོད་དགོན་པའི་མཁན་རིན་པོ་ཆེ་གངས་དཀར་མཆོག་སྤྲུལ་རིན་པོ་མཆོག་ལ་མཇལ་ཁ་ཞུས་གནང་ཡོད་འདུག
ཕྱི་ཚེས་ ༡༢ ཉིན་གྱི་སྔ་དྲོ་རྡ་ས་མེག་གྷན་ཕུན་ཚོགས་ཁང་གསར་ཚོགས་ཁང་ནང་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་དབུ་བཞུགས་ཐོག་རྡ་ས་ས་གནས་འགོ་འཛིན་དང་། ས་གནས་འཐུས་མི་རྣམ་པ། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་མི་རྣམ་པ་བཅས་ཀྱི་ལྷན་བཞུགས་མོལ་ཚོགས་འདུ་ཞིག་འཚོགས་རྗེས། རྡ་ས་ས་གནས་འགོ་འཛིན་ལས་ཁུངས་རྙིང་པ་དང་། ས་གནས་རང་བདེན་ཚོགས་ཆུང་གི་ཡིག་ཚང་བཅས་སུ་གཟིགས་སྐོར་གནང་བ་དང་། ཉིན་རྒྱབ་ནོར་བུ་གླིང་ཁ་ཁུལ་ལ་གནས་སྡོད་བོད་རིགས་ཁ་འཐོར་མི་མང་རྣམས་ཐུག་འཕྲད་ཀྱིས་གསུང་བཤད་དང་། ཇོ་ནང་དུས་འཁོར་སྦྱོར་དྲུག་སྒོམ་གྲྭ་ཆོས་འཁོར་གླིང་། སྙིང་སྟོབས་གླིང་བཅས་སུ་གཟིགས་སྐོར་གནང་ཡོད། དེ་ནས་སྤྱི་འཐུས་མཆོག་གིས་སྣེ་ལེན་ཁང་ལ་གཟིགས་སྐོར་དང་སྦྲགས། བོད་ནས་གསར་དུ་འབྱོར་བ་རྣམས་ཐུག་འཕྲད་ཀྱིས་ཁོང་རྣམ་པའི་བདེ་སྡུག་གནས་སྟངས་སྐོར་གསན་ཞིབ་གནང་རྗེས། ཉིན་གྲངས་ལྔའི་རིང་གི་རྡ་ས་ཁུལ་གྱི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་ཁག་ཡོངས་སུ་ལེགས་གྲུབ་བྱུང་ཡོད།
ཕྱི་ཚེས་ ༡༣ ཉིན་རྒྱབ་ཆུ་ཚོད་ ༢།༠༠ པར་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་ཌལ་ཧོར་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་བྱུང་ཞིང་། ཕྱི་དྲོ་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་དང་ལྷན། ས་འཐུས་ཚོགས་གཙོ་ཕུར་བུ་དགྲ་འདུལ་ལགས་དང་། ས་གནས་འགོ་འཛིན་ཕུར་བུ་ཚེ་རིང་ལགས། ས་གནས་རང་ཚོགས་ཀྱི་ཚོགས་གཙོ་བསམ་གྲུབ་ཆོས་རྒྱལ་ལགས་བཅས་ནས་འབྲས་སྤུངས་བློ་གསལ་གླིང་དགོན་པར་གནས་གཟིགས་ཕེབས་གནང་ཡོད་འདུག ཕྱི་ཚེས་ ༡༤ ཉིན་ས་གནས་རྒྱུད་སྟོད་དགོན་པ་དང་། ས་གནས་འཐུས་ཚོགས། ས་གནས་རང་ཚོགས། སཾ་བྷོ་ཊ་སློབ་གྲྭ བཟོ་གྲྭ གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ལས་ཁུངས་བཅས་ལ་གཟིགས་སྐོར་དང་། ཉིན་རྒྱབ་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་དབུ་བཞུགས་ཐོག ས་གནས་ཀྱི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་དང་ལྷན་བཞུགས་མོལ་ཚོགས་འདུ་ཚོགས་གནང་ཡོད་པ་དང་། མཐར་ས་གནས་མི་མང་འདུ་འཛོམས་ཐོག་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་གོང་བཞིན་བརྗོད་གཞིའི་ཐོག་གསུང་བཤད་དང་། མང་ཚོགས་ཀྱི་དྲི་བར་ལན་འདེབས་གསལ་བཤད་གནང་རྗེས། ཉིན་གྲངས་གཉིས་རིང་གི་ཌལ་ཧོར་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་ཀྱི་ལས་རིམ་ཡོངས་སུ་ལེགས་གྲུབ་བྱུང་ཡོད།
ས་བགོས་ཕྱོགས་བསྐྱོད་སྐབས་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་ས་གནས་སོ་སོའི་མི་མང་གི་བསམ་ཚུལ་བསྡུ་ལེན་དང་། ཉམ་ཐག་གི་གནས་ཚུལ་རྒྱུས་ལོན། མི་མང་དང་། ཁོངས་སོ་སོ་ནས་དཀའ་སེལ་མཇུག་སྐྱོང་དགོས་རིགས་སྙན་ཞུ་དང་། སློབ་གྲྭ། མི་མང་སོགས་ཀྱི་གནས་སྟངས་ཐོག་གཟིགས་ཞིབ་གནང་བ་སོགས་ཁྱོན་ཉིན་གྲངས་ ༧ རིང་གི་གཞུང་འབྲེལ་ས་བགོས་ཀྱི་ལས་དོན་ཡོངས་སུ་ལེགས་གྲུབ་གནང་ཡོད་པ་དང་། ད་རེས་སྤྱི་འཐུས་མཆོག་ས་བགོས་ལྟར་གཟིགས་སྐོར་ཕེབས་རིང་ས་གནས་སོ་སོ་ནས་བདེ་སྡུག་ཞུས་ཁག་ལ་འབྲེལ་ཡོད་ལྷན་ཁང་སོ་སོས་དཀའ་སེལ་དགོངས་བཞེས་དང་འབྲེལ་བའི་ཕྱག་བསྟར་མཇུག་སྐྱོང་གནང་དགོས་རིགས་རྣམས་དོན་གནད་རེ་རེ་བཞིན་སྤྱི་འཐུས་རྒྱུན་ལས་བརྒྱུད་འཛིན་སྐྱོང་བཀའ་ཤག་ཏུ་འབུལ་ལམ་ཞུ་རྒྱུ་ཡིན་པ་བཅས། །