༄༅། །འདི་གར་སྦེལ་ཇམ་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། བོད་རྒྱལ་ལོ་ ༢༡༥༠ རབ་བྱུང་བཅུ་བདུན་པའི་ཆུ་ཡོས་ལོའི་བོད་ཟླ་བཞི་པའི་ས་ག་ཟླ་བའི་ཡར་ཚེས་བརྒྱད་དང་། ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༢༧ རེས་གཟའ་སྤེན་པའི་ཉིན་བདག་ཅག་གི་སྟོན་པ་ཚེས་བདུན་ལ་སྐུ་བལྟམས་པ་དང་། ཚེས་བཅོ་ལྔ་ལ་མངོན་པར་རྫོགས་པའི་སངས་རྒྱས་པ་དང་མྱ་ངན་ལས་འདས་པའི་དུས་ཆེན་ཏེ་དུས་ཆེན་གསུམ་འཛོམས་ཀྱི་ཟླ་བར་ངོས་འཛིན་བྱེད་ཀྱི་ཡོད་པ་ལྟར། དེ་ཉིན་སྦེལ་ཇམ་ཁུལ་དུ་རྟེན་གཞི་བྱས་པའི་བོད་བརྒྱུད་ནང་པའི་ཆོས་ཚོགས་ཁག་དྲུག་སྟེ། རྫོགས་ཆེན་དགེ་ལེགས་དཔལ་འབར་གླིང་དང་། ཡུ་རོབ་བོད་བརྒྱུད་ནང་བསྟན་བཤད་སྒྲུབ་བསྟན་རྒྱས་གླིང་གི་ཆོས་ཚོགས། སྦེལ་ཇམ་བརྩེ་ཆེན་ཚོགས་པ། བོད་བརྒྱུད་ནང་པའི་སློབ་གཉེར་ཁང་ཀརྨ་བསོད་ནམས་རྒྱ་མཚོ་གླིང་། མཆོག་གླིང་རྗེས་དྲན་ཁང་། སེ་ར་བྱེས་ནང་པའི་རིག་གཞུང་ལྟེ་གནས་ཁང་བཅས་ཀྱིས་སྦེལ་ཇམ་གྱི་གྲོང་ཁྱེར་ཨན་ཊབ་ཏུ་རྟེན་གཞི་བྱས་པའི་སི་ཁོ་ཊན་དགོན་པའི་ཆོས་ཚོགས་སུ་བླ་མ་མཆོད་པའི་སྒོ་ནས་མཁའ་འགྲོའི་བརྟན་བཞུགས་བསྟར་འབུལ་གནང་ཡོད།དེ་ཡང་ཐེངས་འདིར་བོད་བརྒྱུད་ནང་བསྟན་ཆོས་ཚོགས་ཁག་དྲུག་གིས་འདི་ལྟ་བུའི་བརྟན་བཞུགས་བསྟར་འབུལ་ཞུ་དགོས་པའི་དམིགས་ཡུལ་གཙོ་བོ་ནི། བར་ལམ་༸གོང་ས་མཆོག་ལ་མཚན་ཤས་ཞུ་ཐབས་ཀྱི་ཀླ་ཀློ་རྒྱ་ནག་གཞུང་གིས་རྒྱབ་ནས་འདྲེ་ལག་རྐྱོང་བཞིན་པའི་གསང་ཉུལ་བ་ཁག་ཅིག་གིས་བརྙན་དུམ་བུ་བཟོས་ཏེ་འཛམ་གླིང་ས་གནས་གང་སར་ཁྱབ་སྤེལ་གྱི་བྱ་ངན་དེར་བོད་མིའི་སེམས་ལ་ན་ཟུག་ཚད་མེད་བཏང་ཡོད་སྟབས། བོད་བརྒྱུད་ནང་བསྟན་ཆོས་ཚོགས་ཁག་དྲུག་གིས་མཐའ་གཅིག་ཏུ་ངོ་རྒོལ་དང་། དཀྲོག་གཏམ་འདི་རིགས་ཞི་བར་བྱ་ཆེད་དང་། དེ་བཞིན་༸མགོན་པོ་མཆོག་འགྲོ་བ་སྤྱི་དང་། ལྷག་པར་བོད་གངས་ཅན་པ་རྣམས་ཀྱི་མགོན་དཔུང་དམ་པར་སྐུ་ཚེ་སྐལ་པ་ཁྲི་ཁྲག་ནས་ཁྲི་ཁྲག་བར་དུ་བརྟན་པར་བཞུགས་པའི་ཆེད་དུ་ཡིན་འདུག
ཞོགས་པ་ཆུ་ཚོད་ ༡༠།༣༠ ཡོལ་ཐོག་མཛད་སྒོ་དབུ་འཛུགས་གནང་སོང་བ་དང་། མཛད་སྒོའི་སྐུ་མགྲོན་དུ་རྫོགས་ཆེན་དགེ་ལེགས་དཔལ་འབར་གླིང་ཆོས་ཚོགས་ཀྱི་སྐུ་ཚབ་ར་ཉག་དཔལ་སྤྲུལ་རིན་པོ་ཆེ་མཆོག ཀརྨ་བསོད་ནམས་རྒྱ་མཚོ་གླིང་གི་ཆོས་ཚོགས་ཀྱི་སྐུ་ཚབ་བླ་མ་བཟོད་པ་རིན་པོ་ཆེ་མཆོག་དང་བླ་མ་བཀྲ་ཤིས་ཉི་མ་མཆོག གཞན་ཡང་མེ་ཏོག་རིན་པོ་ཆེ་མཆོག དབུ་ཟུར་ཚེ་བརྟན་ཕུན་ཚོགས་མཆོག དེ་བཞིན་སྐུ་མགྲོན་གཙོ་བོར་སྦར་སིལ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་དང་དམིགས་བསལ་སྐུ་མགྲོན་སྦེལ་ཇམ་ནང་པའི་ཆོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ (Carlo Luyckx) ལགས། སི་ཁོ་ཊན་དགོན་པའི་འགན་འཛིན་སྐུ་ཞབས་ (Karel Bolckmans) ལགས། ཆོས་ཚོགས་ཁག་གི་འགན་འཛིན་དང་དགེ་བཤེས་རྣམ་པ། བོད་རིགས་ཚོགས་པས་གཙོས་པའི་ཚོགས་སྐྱིད་ཁག་གི་འགན་འཛིན་དང་གཟའ་མཇུག་སློབ་ཁག་གཉིས་ཀྱི་འགན་འཛིན་རྣམ་པ་བཅར་འདུགམཛད་སྒོའི་ཐོག་མར་༸གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་གདན་ཞུ་གནང་གྲུབ་པའི་རྗེས་ར་ཉག་དཔལ་སྤྲུལ་རིན་པོ་ཆེ་མཆོག་གིས་༸གོང་ས་མཆོག་ལ་བརྟན་བཞུགས་འབུལ་དགོས་པའི་གལ་གནད་སྐོར་ལ་བཀའ་སློབ་གནང་། དེ་རྗེས་བོད་རིགས་ཚོགས་པའི་ཚོགས་གཙོ་དཔལ་ལྡན་ཚེ་རིང་ལགས་ཀྱིས་བརྟན་བཞུགས་འབུལ་དམིགས་གཙོ་བོ་ནི་༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིར་དུས་ཀུན་ཉམས་ལེན་གནང་ཐུབ་ཚེ་དེ་ནི་བརྟན་བཞུགས་ངོ་མ་དེ་ཆགས་ཡོད་ཅེས་དང་།དམིགས་བསལ་སྐུ་མགྲོན་སྦེལ་ཇམ་ནང་པའི་ཆོས་ཚོགས་ཀྱི་ཚོགས་གཙོ་ (Carlo Luyckx) ལགས་ཀྱིས་གསུང་དོན། འདས་པའི་ལོ་ངོ་ ༡༧ རིང་ང་ཚོ་ཚང་མས་འབད་བརྩོན་ལྷོད་མེད་ལ་བརྟེན་ནས་སྦེལ་ཇམ་གཞུང་ནས་ནང་ཆོས་འདི་གཞུང་འབྲེལ་ཐོག་ནས་ཆོས་ལུགས་གཅིག་ལ་ངོས་འཛིན་ཐོབ་ལ་ཉེ་ཞིང་། ང་ཚོས་ལས་དོན་མཇུག་སྐྱོང་བྱ་རྒྱུ་ད་དུང་ལྷག་ཡོད་སྟབས། ཆོས་ཚོགས་ཁག་ཚང་མས་འགན་འཁུར་བཞེས་ཏེ་བར་ཆད་ཐམས་བཅད་ཞི་བའི་ཐུགས་སྨོན་གནང་རོགས་གནང་ཞེས་དང་། གཞན་ཡང་སི་ཁོ་ཊན་དགོན་པའི་འགན་འཛིན་སྐུ་ཞབས་ (Karel Bolckmans) ལགས་ཀྱིས་དེ་རིང་རྣམ་ཀུན་དང་མི་འདྲ་བར་བོད་བརྒྱུད་ནང་བསྟན་ཆོས་ཚོགས་གང་མང་མཉམ་ཞུགས་གནང་འདུག་པ་དང་། ཆོས་ཚོགས་དེ་འདྲ་མང་པོ་མཉམ་རུབ་ཐུབ་པ་འདི་ནི་ཐེངས་དང་པོ་ཆགས་ཡོད། དེ་རིང་གི་འདུ་འཛོམས་འདི་གོ་སྒྲིག་གནང་མཁན་གཙོ་བོ་བཤད་སྒྲུབ་བསྟན་རྒྱས་གླིང་ཆོས་ཚོགས་ཀྱི་འགན་འཛིན་དབུ་ཟུར་ཚེ་བརྟན་ཕུན་ཚོགས་ལགས་ཡིན་པས་ཁོང་ལ་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་རིགས་རྣམས་ནས་དགོན་པའི་མཐུན་རྐྱེན་རྣམས་ག་དུས་བེད་བཀོལ་གནང་ཡང་དགའ་བསུ་ཞུ་རྒྱུ་ཡིན་སྐོར་གསུང་སོང་།སྐུ་མགྲོན་གཙོ་བོ་སྦལ་སིལ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་གསུང་བཤད་གནང་དོན། དེ་རིང་སྦེལ་ཇམ་ཆོས་ཚོགས་ཁག་དྲུག་ནས་བརྟན་བཞུགས་བསྟར་འབུལ་གྱི་མཛད་རིམ་གོ་སྒྲིག་གནང་བར་རྗེས་སུ་ཡི་རང་དང་། མ་འོངས་པར་ཆོས་ཚོགས་དེ་ནས་མང་བ་མཉམ་ཞུགས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། དེ་རིང་དམིགས་བསལ་བརྟན་བཞུགས་འབུལ་བའི་དམིགས་ཡུལ་གཙོ་བོ་ནི། འབུམ་འགྱུར་ཟླ་བ་འདིའི་ནང་རང་ཅག་བོད་མི་རྣམས་ནས་སྤྱི་མཐུན་གྱི་བསོད་ནམས་བསག་པའི་ཐོག་ནས་༸གོང་ས་མཆོག་སྐུ་ཚེ་ཡུན་དུ་བརྟན་པ་དང་། སྐུ་ཚེའི་འགེག་བར་ཐམས་ཅད་ཞི་བ་དང་ཐུགས་ཀྱི་བཞེད་དགོངས་ཐ་དག་ལྷུན་གྱིས་གྲུབ་ཐབས་དང་། གཞན་ཡང་བོད་མིའི་ཡ་རབས་བཟང་པོའི་ཡོན་ཏན་གྱི་དྲི་མ་རང་རྒྱུད་ལས་མ་ཡལ་བ་བྱེད་གལ་ཆེ་བའི་སྐོར་གསུངས།
དེ་རྗེས་བཤད་སྒྲུབ་བསྟན་རྒྱས་གླིང་ཆོས་ཚོགས་ཀྱི་འགན་འཛིན་དབུ་ཟུར་ཚེ་བརྟན་ཕུན་ཚོགས་ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བླ་མ་མཆོད་པའི་སྒོ་ནས་མཁའ་འགྲོའི་བརྟན་བཞུགས་དབུ་འཛུགས་གནང་། བརྟན་བཞུགས་བསྟར་འབུལ་གྲུབ་མཚམས་ཆོས་ཚོགས་ཐུན་མོང་ནས་སྦེལ་ཇམ་ནང་བསྟན་ཆོས་ཚོགས་ཀྱི་ཚོགས་གཙོ་ (Carlo Luyckx) ལགས་ལ་ཐུགས་རྗེ་ཆེ་མཚོན་ཕྱིར་སྟོན་པའི་སྐུ་བརྙན་ཞིག་ཕྱག་རྟགས་སུ་ཕུལ་སོང་བ་དང་། བརྟན་བཞུགས་ཀྱི་མཛད་རིམ་གྲོལ་མཚམས་ཨན་ཊབ་ལྷག་དཀར་ཚོགས་པ་ནས་རྟེན་འབྲེལ་མཚོན་ཕྱིར་སྒོར་གཞས་ཁག་ཅིག་འཁྲབ་སྟོན་ཞུས་ཏེ་ཞོགས་པའི་མཛད་རིམ་གྲོལ།
ཉིན་རྒྱབ་ཆུ་ཚོད་ ༢།༣༠ ནས་ ༤ བར་༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་ཐོག་དགེ་བཤེས་རྣམ་པས་བགྲོ་གླེང་གི་ལས་རིམ་གོ་སྒྲིག་ཞུས་ཡོད། ཐེངས་འདིའི་མཛད་སྒོར་ཆོས་ཚོགས་ཁག་གིས་གཙོས་ས་གནས་བོད་རིགས་མི་མང་དང་ཡུལ་མི་ ༢༠༠ ལྷག་མཉམ་ཞུགས་གནང་འདུག སྐུ་མགྲོན་གཙོ་བོ་སྐུ་ཚབ་དོན་གཅོད་ཀྱི་ཕྱག་རོགས་སུ་དོན་ཁང་གི་དྲུང་ཆེ་འཕྲིན་ལས་དབང་འདུས་ལགས་ལྷན་བཅར་ཞུས་ཡོད་པ་བཅས། །