༄༅། །འདི་གར་བལ་ཡུལ་དོན་གཅོད་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༣ ཟླ་བ་ ༠༥ ཚེས་ ༢༩ ཉིན་བལ་ཡུལ་འཇོ་ཁེལ་བསམ་གྲུབ་གླིང་བཟོ་གཞིས་ལས་ཁུངས་ཀྱི་ས་གནས་འགོ་འཛིན་གསར་རྙིང་བར་རྩིས་སྤྲོད་རྩིས་ལེན་ལེགས་པར་གྲུབ་སྟེ་ཚབ་གསར་ས་གནས་འགོ་འཛིན་བློ་གྲོས་བཟང་པོ་ལགས་ཀྱིས་ས་འགོའི་ལས་ཁུར་དབུ་འཛུགས་གནང་ཡོད།
དེ་ཡང་ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་བལ་ཡུལ་དོན་ཁང་གི་དྲུང་ཆེ་ཀརྨ་རྒྱལ་མཚན་ལགས་ཀྱིས་སྤྲོད་དཔང་གནང་ཐོག་ལས་ཁྱུར་ས་གནས་འགོ་འཛིན་ཀརྨ་བཟོད་པ་ལགས་དང་། ཚབ་གསར་ས་གནས་འགོ་འཛིན་བློ་གྲོས་བཟང་པོ་ལགས་བར་གྱི་རྩིས་སྤྲོད་རྩིས་ལེན་ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་དངོས་སུ་དབུ་འཛུགས་ཀྱིས་ས་འགོའི་བདག་ཉར་འོག་ཡོད་པའི་གལ་ཆེའི་ཡིག་སྣོད་དང་ཅ་དངོས་རིགས་རྩིས་སྤྲོད་གནང་ཡོད།
ཕྱི་ཚེས་ ༢༩ ཉིན་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་གཙོས་པའི་ཚོགས་མི་རྣམ་པ། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ། བཟོ་གྲྭའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་མི་རྣམ་པ། མཉམ་འབྲེལ་འགན་འཛིན་དང་འབྲེལ་ཡོད་ལས་བྱེད། བརྒྱ་དཔོན་བཅས་ཚང་འཛོམས་ཐོག་ས་གནས་འགོ་འཛིན་གསར་རྙིང་བར་ཞབས་སྟེགས་བརྗེ་ལེན་གནང་ཞིང་། དེ་རྗེས་བཟོ་གྲྭའི་ཚོགས་ཁང་དུ་མང་ཚོགས་ལ་ས་འགོ་གསར་རྙིང་གཉིས་ནས་གསུང་བཤད་དང་། སྤྲོད་དཔང་ནས་རྩིས་སྤྲོད་རྩིས་ལེན་གྱི་གནས་སྟངས་གསལ་བཤད་གནང་གྲུབ་རྗེས་གུང་ཚིགས་སྟབས་བདེ་ཞིག་བཤམས་ཡོད་པ་བཅས།།