༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༥ ཚེས་ ༡༨ ཉིན་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་ནས་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཐེངས་ ༤༦ སྲུང་བརྩི་ཞུས་ཡོད་པ་རེད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་རྡ་ས་གངས་སྐྱིད་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་དུ་གསུང་བཤད་ལས་རིམ་དང་། དཔེ་དེབ་དབུ་འབྱེད། བོད་དོན་གློག་བརྙན་གཟིགས་འབུལ། རིན་མེད་འགྲེམས་སྟོན་སྐོར་བསྐྱོད་སོགས་ཀྱི་ལམ་ནས་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་སྲུང་བརྩི་ཞུས་ཡོད།
དེ་ཡང་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་དང་། ཕྱི་འབྲེལ་དྲུང་འཕར་བསྟན་འཛིན་ལེགས་བཤད་ལགས། དྲིལ་བསྒྲགས་དྲུང་འཕར་རྣམ་རྒྱལ་ཚེ་དབང་ལགས། གཞུང་ཁོངས་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། དེ་བཞིན་འདི་ལོར་དམིགས་བསལ་ཀུན་ཕན་ནད་གསོ་ཁང་གི་གནས་བཅའ་བ་སོགས་མཉམ་ཞུགས་གནང་ཡོད།
སྐབས་དེར་སྐུ་མགྲོན་གཙོ་བོ་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས་འགྲེམས་སྟོན་དུས་དེབ་ཐེངས་དང་པོ་དབུ་འབྱེད་དང་འབྲེལ་གསུང་བཤད་གནང་དོན། འཛམ་གླིང་སྤྱིའི་འགྲོ་སྟངས་ལྟར་ན། འགྲེམས་སྟོན་ཁང་ནི་ཤེས་ཡོན་གྱི་བསྟི་གནས་དང་། འདས་པའི་རྒྱལ་རབས་ལོ་རྒྱུས་ཉར་ཚགས་བྱེད་རྒྱུ། རིག་གཞུང་འགྲེམས་སྟོན་བྱེད་རྒྱུ་གཙོ་བོ་ཡིན། སྤྱིར་དམིགས་ཡུལ་འདྲ་མིན་ཡོད་སྲིད་ཀྱང་ང་ཚོའི་སྒྲིག་འཛུགས་འདི་འཐབ་རྩོད་ཀྱི་སྒྲིག་འཛུགས་ཤིག་ཆགས་ཡོད་སྟབས། ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གི་དམིགས་ཡུལ་གཙོ་བོ་ནི། བོད་མིའི་རང་དབང་འཐབ་རྩོད་དང་ཐད་ཀར་འབྲེལ་བ་ཆགས་ཡོད། འགྲེམས་སྟོན་ཁང་འདིའི་ནང་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག ལོ་རྒྱུས་ཀྱིས་གཙོས་བོད་མིའི་རང་དབང་འཐབ་རྩོད་ཐོག་ལའང་འགྲེམས་སྟོན་གྱི་ལམ་ནས་མང་ཚོགས་ལ་གོ་རྟོགས་སྤེལ་རྒྱུའི་འབད་བརྩོན་བྱེད་ནས་ཐོག་མར་རྡ་ས་མེ་གྷན་དུ་བོད་ཀྱི་འགྲེམས་སྟོན་ཁང་གསར་བཙུགས་གནང་བ་དང་། དེ་ནས་རིམ་པས་ཡར་རྒྱས་ཕྱིན་ཏེ་ད་ཆ་བོད་ཀྱི་འགྲེམས་སྟོན་ཁང་འདི་ཉིད་རྒྱལ་སྤྱིའི་འགྲོ་སྟངས་དང་དེང་དུས་ཀྱི་འགྲོ་སྟངས་དང་མཐུན་པ་ཚད་ལྡན་ཞིག་ཆགས་ཡོད། གཙོ་ཆེ་ཤོས་འགྲེམས་སྟོན་ཁང་འདིའི་གནས་ཚད་མུ་མཐུད་ཉར་ཐུབ་དགོས། མི་ཆ་དང་དཔལ་འབྱོར། སྙོབ་ཚད་སོགས་གང་ཅིའི་ཐད་བློ་བུར་དུ་ཡར་རྒྱས་དང་རྒྱ་ཆེན་པོ་ཞིག་ཡོང་ཐུབ་མིན་ལ་མ་ལྟོས་པར་བོད་ཀྱི་འགྲེམས་སྟོན་ཁང་གི་ད་ལྟའི་སྤུས་ཚད་འདི་མ་ཉམས་པར་མུ་མཐུད་གནས་ཐུབ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་དང་། དེ་བཞིན་བོད་ཀྱི་འགྲེམས་སྟོན་ཁང་གི་འབྲེལ་ཡོད་ལས་བྱེད་རྣམས་ནས་དུས་ཡུན་མི་རིང་བའི་ནང་བོད་ཀྱི་འགྲེམས་སྟོན་ཁང་གི་དམིགས་ཡུལ་གྲུབ་པར་འབད་རྩོལ་ཧུར་སྐྱེད་གནང་བར་བསྔགས་བརྗོད་གནང་ཡོད། དེ་རྗེས་བོད་ཀྱི་འགྲེམས་སྟོན་ཁང་གི་ལས་བྱེད་བསྟན་འཛིན་སྦྱིན་པ་ལགས་ཀྱིས་རྒྱལ་སྤྱིའི་འགྲེམས་སྟོན་ཁང་གི་ཉིན་མོ་སྲུང་བརྩིའི་ལས་གཞི་སྤེལ་དགོས་པའི་དམིགས་ཡུལ་གཙོ་བོ་ནི། བཞུགས་སྒར་རྡ་ས་ཁུལ་གྱི་བོད་ཀྱི་འགྲེམས་སྟོན་ཁང་ཁག་བར་འབྲེལ་ལམ་འཛུགས་རྒྱུ་དང་། བོད་ཀྱི་རིག་གཞུང་དང་ལོ་རྒྱུས་གོ་རྟོགས་སྤེལ་རྒྱུ་ཡིན་སྐོར་ངོ་སྤྲོད་གནང་ཡོད་པ་བཅས།།