༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༥ ཚེས་ ༢༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་འགྲོ་བ་མིའི་ཐོབ་ཐང་དང་རྒྱལ་སྤྱིའི་འབྲེལ་ལམ་ཞེས་པའི་བརྗོད་གཞིའི་ཐོག་མ་ཧཱ་ཇ་ན་ཁྲིམས་རིག་མཐོ་སློབ་ (SBRR Mahajana Law College) དང་། བིདྱ་ཝར་ད་ཀ་ཁྲིམས་རིག་མཐོ་སློབ་ (Vidyavardhaka Law College) ཏུ་གསུང་བཤད་དང་། དེ་རྗེས་མཻ་སོར་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་དང་ལྷན་ཐབས་བྱུས་ཚོགས་འདུ་བསྐོང་ཚོགས་གནང་གྲུབ་མཚམས་མཻ་སོར་བོད་ཀྱི་སྡོད་ཁང་དུ་འཚམས་གཟིགས་སུ་ཕེབས་ཡོད།དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་མ་ཧཱ་ཇ་ན་ཁྲིམས་རིག་མཐོ་སློབ་ཏུ་གསུང་བཤད་གནང་སྐབས་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་ཕྱི་ལོ་ ༡༩༥༠ ཙམ་ལ་རྒྱ་ནག་གིས་བོད་ནང་བཙན་འཛུལ་བྱས་ཚུལ་དང་། བོད་ནང་གི་ཛ་དྲག་གནས་སྟངས། ད་ལྟ་རྒྱ་ནག་གཞུང་གི་སྟངས་འཛིན་འོག་ཡོད་པའི་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭ་ཁག་ཏུ་བཙན་པོས་སློབ་འཇུག་བྱེད་བཞིན་པ་མ་ཟད། བོད་མིའི་རིགས་རྫས་དཔེ་མཚོན་བསྡུ་རུབ་བྱེད་བཞིན་པའི་ཛ་དྲག་གནས་སྟངས་སྐོར་གསལ་བཤད་དང་སྦྲགས། བོད་མིའི་སྒྲིག་འཛུགས་ངོས་ནས་བོད་རྒྱའི་དཀའ་རྙོག་ཞི་འགྲིག་ཡོང་ཐབས་སུ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དགོངས་དོན་ཤར་སྐྱོད་བྱེད་ཀྱི་ཡོད་སྐོར་ངོ་སྤྲོད་གནང་ཡོད་པ་རེད།ཉིན་རྒྱབ་ཕྱི་དྲིལ་བཀའ་བློན་མཆོག་གིས་བིདྱ་ཝར་ད་ཀ་ཁྲིམས་རིག་མཐོ་སློབ་ཏུ་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཞིང་། སྐབས་དེར་ཁོང་མོས་རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་གཙོས་པའི་གཞི་རྩའི་ཐོབ་ཐང་ཁག་ལ་རྡོག་རོལ་ཚབས་ཆེ་གཏོང་བཞིན་པའི་སྐོར་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལས་བྱུང་བའི་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་འགྲེལ་བརྗོད་གནང་ཡོད། ཚོགས་འདུའི་ཐོག་བིདྱ་ཝར་ད་ཀ་ཁྲིམས་རིག་མཐོ་སློབ་ཀྱི་ཚོགས་གཙོ་གུན་ད་པ་གྷ་ཧུ་ད་(Gundappa Gowda)ལགས་ཀྱིས་གཙོས་པའི་མཐོ་སློབ་ཀྱི་གནད་ཡོད་མི་སྣ་དང་། དགེ་ལས་སློབ་ཕྲུག་ ༣༠༠ ལྷག་མཉམ་ཞུགས་གནང་ཡོད་པ་རེད།གསུང་བཤད་ལས་རིམ་གྲུབ་རྗེས་ཕྱི་དྲིལ་བཀའ་བློན་མཆོག་ནས་མཻ་སོར་ཧིན་བོད་མཛའ་འབྲེལ་ཚོགས་པ་ལྷན་བོད་དོན་ཞུ་གཏུག་ཐབས་བྱུས་བསྐོང་ཚོགས་གནང་ཡོད་པ་དང་། དེ་ནས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་སྡེ་ཚན་ནང་མའི་ས་གནས་འབྲེལ་མཐུད་པ་སྐུ་ཞབས་ཇེ་པི་ཨུར་སི་( J.P. Urs)ལགས་དང་མཇལ་མོལ་གནང་གྲུབ་མཚམས་མཻ་སོར་བོད་ཀྱིས་སྡོད་ཁང་དུ་འཚམས་གཟིགས་སུ་ཕེབས་ཡོད།ཐེངས་འདིའི་ཕྱི་དྲིལ་བཀའ་བློན་མཆོག་གི་མཻ་སོར་ཕྱོགས་ཕེབས་སྐབས་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་དང་། ལུགས་ཟུང་བསམ་གྲུབ་གླིང་བོད་མིའི་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་གུ་རུ་ཉི་མ་ལགས། བདེ་སླར་ས་གནས་འགོ་འཛིན་འཆི་མེད་རྡོ་རྗེ། ཧུན་སུར་ས་གནས་འགོ་འཛིན་བསྟན་འཛིན་ཟླ་སྒྲོན་ལགས། འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་འབྲེལ་མཐུད་པ་བདེ་སྐྱིད་ལགས་ལྷན་བཅར་ཞུས་ཡོད་པ་བཅས།།