༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༥ ཚེས་ ༡༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་འགྲོ་བ་མིའི་ཐོབ་ཐང་དང་རྒྱལ་སྤྱིའི་འབྲེལ་ལམ་སྐོར་གྱི་ཚོགས་འདུའི་ཐོག་བོད་དང་བོད་མིའི་སྒྲིག་འཛུགས་ཀྱི་སྐོར་གསུང་བཤད་གནང་ཡོད།
དེ་ཡང་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་དུ་རྟེན་གཞི་བྱས་པའི་ཨར་ཝི་ཁྲིམས་རིག་བསྟི་གནས་ཁང་གི་ (RV Institute of Legal Studies) འགྲོ་བ་མིའི་ཐོབ་ཐང་ཚན་པ་དང་། ཧིན་བོད་མཛའ་འབྲེལ་ཚོགས་པ་ཟུང་སྦྲེལ་གྱིས་གོ་སྒྲིག་ཞུས་པའི་འགྲོ་བ་མིའི་ཐོབ་ཐང་དང་རྒྱལ་སྤྱིའི་འབྲེལ་ལམ་ཞེས་པའི་ཚོགས་འདུའི་ཐོག་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་སྐུ་མགྲོན་གཙོ་བོར་ཆེད་ཕེབས་ཀྱིས་བོད་དོན་སྤྱི་དང་། ཡང་སྒོས་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་འཕེལ་རིམ་དང་དམིགས་ཡུལ། ལས་དོན་གནང་ཕྱོགས་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད་པ་རེད། གཞན་ཡང་མཛད་སྒོའི་དམིགས་བསལ་སྐུ་མགྲོན་དུ་ཀརནཱ་ཊཀ་མངའ་སྡེའི་ཤིང་ནགས་དང་ཁོར་ཡུག་ལྷན་ཁང་གི་དྲུང་ཆེ་ལས་འཕར་ཟུར་པ་མཱ་ད་བྷུ་ཤི་མ་དན་གྷོ་པལ་ (Madabhushi Madan Gopal) ལགས་དང་། ཨར་ཝི་ཁྲིམས་རིག་བསྟི་གནས་ཁང་གི་སློབ་སྤྱི་ཨན་ཇི་ན་རེ་ཊི་ (Anjina Reddy KR) ལགས། དེ་བཞིན་ཁྲིམས་རིག་བསྟི་གནས་ཁང་གི་དགེ་ལས་སློབ་ཕྲུག་གསུམ་བརྒྱ་ལྷག་ལྷན་ཞུགས་གནང་ཡོད།
མཛད་རིམ་གྲུབ་མཚམས་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་དབུ་ཁྲིད་པའི་བོད་མིའི་སྐུ་ཚབ་རྣམས་ནས་ནི་ཇ་ལིང་གྷ་པ་རྒྱལ་ཚོགས་ཐེབས་རྩའི་དྲུང་ཆེ་སྐུ་ཞབས་མན་ཇུ་ནཊ་(S.G.Manjunath) ལགས་དང་། རྒྱ་གར་གྲོས་ཚོགས་འཐུས་མི་ཟུར་པ་དང་ནི་ཇ་ལིང་གྷ་པ་དྲན་རྟེན་ཐེབས་རྩའི་དྲུང་ཆེ་ཧ་ནུ་མན་ཐ་པ་ (H.Hanumanthappa) ལགས། ཀརནཱ་ཊཀ་མངའ་སྡེའི་སྤྱི་དམངས་གཞུང་ལམ་ལས་ཁུངས་ཀྱི་དྲུང་ཆེ་ཅི་ཏྲ་དུར་ཀ་ (Chitradurga) ལགས་དང་ཀེ་ཨེས་རི་ཊི་ (KS Reddy) ལགས་སུ་འཚམས་འདྲིའི་མཇལ་འཕྲད་གནང་ཡོད། དེ་རྗེས་ཀརནཱ་ཊཀ་མངའ་སྡེའི་ཁོར་ཡུག་དང་ཤིང་ནགས་ལྷན་ཁང་གི་སྤྱི་ཁྱབ་དྲུང་ཆེ་ལས་འཕར་ཟུར་པ་མ་དན་གྷོ་པལ་ཀྲྀཥ་ཎ་ (Madan Gopal Krishna) ལགས་དང་། ཀརནཱ་ཊཀ་མངའ་སྡེའི་ཤིང་ནགས་གཅེས་སྲུང་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཟུར་པ་ཀི་ཤན་སིངྒ་སུ་ག་ར་ (Kishan Singh Sugara) ལགས་དང་མཇལ་མོལ་གནང་ཡོད། ཕྱི་དྲིལ་བཀའ་བློན་མཆོག་དང་ལྷན་དུ་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་དང་། འཕགས་བོད་འབྲེལ་མཐུད་ལས་ཁང་གི་འབྲེལ་མཐུད་པ་བཀྲ་ཤིས་བདེ་སྐྱིད་ལགས། ལྷོ་སྤྱི་ལས་ཁུངས་ཀྱི་ལས་བྱེད་བཅས་ལྷན་བཅར་ཞུས་ཡོད་པ་བཅས།།