༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༥ ཚེས་ ༣༠ ཉིན་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཀྱི་གཞིས་གྲོང་བཅུ་པ་ཕན་བདེ་གཞིས་གྲོང་དབུ་འབྱེད་གནང་ཡོད་པ་རེད།
དེ་ཡང་བཙན་བྱོལ་བོད་མི་འཁོས་ཞན་དང་བོད་ནས་རྗེས་འབྱོར་བ་རྣམས་ལ་བོད་མིའི་སྒྲིག་འཛུགས་ནས་བཞུགས་གནས་མཁོ་སྤྲོད་གནང་རྒྱུའི་ཕུགས་དམིགས་གཞིར་བཟུང་བོད་ནས་རྗེས་འབྱོར་བོད་མི་རྣམས་ཀྱི་ཆེད་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་སུ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་ཁང་པ་བཞི་བཅུ་གསར་རྒྱག་གིས་ཕན་བདེ་གཞིས་གྲོང་ཟླ་འདིའི་ཕྱི་ཚེས་ ༣༠ ཉིན་དབུ་འབྱེད་གནང་ཡོད།
དབུ་འབྱེད་ལས་རིམ་གྱི་ཐོག་མར་སྔ་འགྱུར་རྡོར་གྲགས་གསང་སྔགས་ཆོས་འཁོར་གླིང་གི་དགེ་འདུན་པ་ཁག་གཅིག་ནས་ཤིས་བརྗོད་གསུང་འདོན་དང་འབྲེལ། གཞིས་གྲོང་གསར་རྒྱག་ཆེད་ས་ཆ་ཞལ་འདེབས་གནང་མཁན་ཁྱིམ་ཚང་དང་། ཁང་བཟོ་འཆར་འགོད་པ། བོགས་ལེན་པ་རྣམས་ལ་དྲན་རྟེན་རེ་གནང་རྗེས་ནང་མི་རྣམས་ལ་ཁང་པའི་ལྡེ་མིག་བགོ་འགྲེམས་གནང་ཡོད། སྐབས་དེར་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་དང་། མོན་གྷོ་ས་གནས་འགོ་འཛིན་ལྷག་པ་སྒྲོལ་མ་ལགས། ཟུང་དྲུང་བསྟན་འཛིན་ཀུན་བཟང་ལགས། ལས་འཆར་འགན་འཛིན་ཟུང་དྲུང་བསྟན་འཛིན་མཁྱེན་རབ་ལགས། ཁང་བཟོ་འཆར་འགོད་པ་ཨ་མཱར་དིབ་ལགས་སོགས་མཉམ་ཞུགས་གནང་ཞིང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གྲོང་སྡེ་གསར་པ་དེའི་མིང་དུ་ཕན་བདེ་གཞིས་གྲོང་ཞེས་གསོལ་སྩལ་གནང་ཡོད་པ་རེད། གཞིས་གྲོང་གསར་རྒྱག་ལས་གཞི་དེ་བཞིན་ཕྱི་ལོ་ ༢༠༢༠ ཟླ་བ་ ༠༡ ནང་དབུ་བཙུགས་ཡོད་ནའང་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་རྐྱེན་པས་ཕྱི་ལོ་ ༢༠༢༡ ཟླ་བ་ ༡༢ བར་དུ་བར་མཚམས་འཇོག་དགོས་བྱུང་ཞིང་། མཐར་ཕྱི་ལོ་ ༢༠༢༢ ཟླ་བ་ ༡༠ ནང་ཁང་པ་གསར་རྒྱག་ལེགས་གྲུབ་དང་། ཕྱི་ལོ་ ༢༠༢༣ ཟླ་བ་ ༠༣ ནང་གཞིས་གྲོང་གི་ཕྱིའི་བཀོད་པ་དང་ཆུ་གློག་སོགས་ཀྱི་མཐུན་རྐྱེན་ཁག་ལེགས་པར་སྦྱར་གྲུབ་རྗེས་ཕྱི་ལོ་ ༢༠༢༣ ཟླ་བ་ ༠༥ ཚེས་ ༢༨ ཉིན་མོན་གྷོ་ས་གནས་འགོ་འཛིན་ལྷག་པར་སྒྲོལ་མ་ལགས་དང་། ནང་སྲིད་སྐུ་ཚབ་བསྟན་འཛིན་མཁྱེན་རབ་ལགས་གཉིས་ཀྱི་དྲུང་དུ་ཁང་མིག་རྣམས་རྒྱན་ཤོག་བརྒྱུད་བགོ་འགྲེམས་གནང་ཡོད། ཁང་པ་བཞི་བཅུའི་ནང་ནས་ས་ཁྱོན་གྲུ་བཞི་ཁ་གང་མ་ ༣༠༠ ཡོད་པའི་ནང་མིག་ ༢༤ ཁེར་རྐྱང་ངམ་ནང་མི་གཉིས་ཅན་རྣམས་ལ་བགོ་འགྲེམས་དང་། ས་ཁྱོན་གྲུ་བཞི་ཁ་གང་མ་ ༦༠༠ ཡོད་པའི་ཁང་མིག་ ༡༦ ནང་མི་གཉིས་ལས་མང་བའི་ཁྱིམ་ཚང་ལ་བགྲོ་འགྲེམས་གནང་ཡོད། གཞིས་གྲོང་གསར་རྒྱག་ལས་གཞིའི་འགྲོ་གྲོན་ཁྱོན་ཧིན་སྒོར་བྱེ་བ་ ༤་༢༩ ཡིན་པ་ལྟར། གཞུང་ལམ་དང་ཆུའི་མཐུན་རྐྱེན་ཆེད་ཇར་མན་རོགས་ཚོགས་ (GAT) ནས་ཧིན་སྒོར་འབུམ་ ༢༩་༨༣ དང་། ས་མཚམས་གྱང་དང་རྒྱལ་སྒོའི་ཆེད་ཨ་རིའི་རོགས་ཚོགས་ (PRM) ནས་ཧིན་སྒོར་འབུམ་ ༣༨་༩༦། ས་གནས་དགོན་སྡེ་ཁག་ནས་ཧིན་སྒོར་འབུམ་ ༥་༧༦ ཞལ་འདེབས་གནང་ཞིང་། དེ་འཕྲོས་འགྲོ་གྲོན་བརྒྱ་ཆ་ ༨༤ བོད་མིའི་འཛིན་སྐྱོང་བདེ་དོན་ཚོགས་པ་བརྒྱུད་བོད་མིའི་སྒྲིག་འཛུགས་ནས་མཁོ་གཏོང་གནང་ཡོད་པ་རེད།
སྤྱིར་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ནས་དབུ་འཛུགས་ཀྱིས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་མིའི་གཞིས་ཆགས་ཁག་ཏུ་གཞུང་འབྲེལ་ཕྱོགས་ཕེབས་གནང་འགོ་བཙུགས་ཤིང་། སྐབས་དེར་ཁོང་གིས་ལས་འཆར་ས་ཚིགས་དང་། རྒས་གསོ་ཁང་ཁག་ཏུ་ཕེབས་རྒྱུ་མ་ཟད། ས་གནས་མཉམ་ལས་ཀྱི་ཚོགས་མི་དང་མཇལ་འཕྲད་གནང་རྒྱུ་མཚོན། ས་ཞིང་གི་གནས་བབ་དང་། ཡོང་འགྱུར་བོད་མི་གཞིས་སྤོའི་ལས་གཞིའི་ཆེད་རྟོགས་ཞིབ་གནང་རྒྱུ་ཡིན་པ་བཅས།།