༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༥ ཚེས་ ༢༤ རེས་གཟའ་ལྷག་པའི་ཉིན་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གངས་སྐྱིད་ལས་བྱེད་གསོལ་ཚིགས་ཁང་དབུ་འབྱེད་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཐོག་དཔལ་ལྡན་སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་གསོལ་ཚིགས་ཁང་གསར་རྒྱག་ལེགས་གྲུབ་བྱུང་རྗེས་དབུ་འབྱེད་དང་འབྲེལ། གསོལ་ཚིགས་ཁང་གི་གསོལ་ཐབ་དང་། རྩལ་སྦྱོང་ཁང་། སོས་དལ་ཁང་དུ་གཟིགས་སྐོར་གྲུབ་མཚམས་དབུ་འབྱེད་མཛད་སྒོར་ལྷན་ཞུགས་ཀྱིས་གསུང་བཤད་གནང་ཡོད།
སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསོལ་ཚིགས་ཁང་གསར་རྒྱག་ལས་གཞིའི་འབྲེལ་ཡོད་རྣམས་ལ་བསྔགས་བརྗོད་དང་སྦྲགས། གསོལ་ཚིགས་ཁང་གསར་རྒྱག་ལས་གཞི་དེ་བཞིན་སྐབས་བཅོ་ལྔ་པའི་བཀའ་ཤག་གིས་འཆར་འགོད་གནང་ཡོད་པ་ལྟར་སྐབས་བཅུ་དྲུག་པའི་བཀའ་ཤག་གིས་འགྱུར་བ་ཕྲན་བུ་བཏང་སྟེ་ད་ལམ་ལེགས་གྲུབ་བྱུང་ཡོད་སྟབས། ལས་བྱེད་རྣམས་ནས་བེད་སྤྱོད་ཚད་ལྡན་དང་བདག་སྐྱོང་གནང་གལ་ཆེན་པོ་ཡིན་པ་གསུངས་ཡོད།
དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཞལ་ལག་མཐུན་རྐྱེན་དང་འབྲེལ་ཏེ། ད་ལམ་གུང་ཚིགས་ཀྱི་རིན་འབབ་སྒོར་ ༡༥ སྤར་ཏེ་ཁྱོན་ཧིན་སྒོར་ ༣༠ ལ་ཞལ་ལག་རོ་བཅུད་ལྡན་པ་ཕུལ་ཐུབ་ཐབས་ལ་དགོངས་བཞེས་གནང་ཡོད་པ་དང་། ཞལ་ལག་དང་གསོལ་ཐབ་ཀྱི་གཙང་སྦྲ་འཕྲོད་བསྟེན་ཐོག་ལ་མ་བྱན་རྣམས་ནས་དོ་སྣང་གནང་དགོས་པའི་ལམ་སྟོན་གནང་ཡོད། དེ་མཚུངས་ཁོང་གིས་སྲི་ཞུའི་ལས་བྱེད་རྣམས་ཀྱི་ལུས་ཀྱི་འཕྲོད་བསྟེན་ལ་དམིགས་ཏེ་རྩལ་སྦྱོང་ཁང་དང་། ལས་བྱེད་ཕན་ཚུན་འབྲེལ་ལམ་དམ་ཟབ་ཡོང་སླད་སོས་དལ་ཁང་ཡང་བརྒྱབ་ཡོད་པས་དེ་དོན་བེད་སྤྱོད་ཚད་ལྡན་གནང་དགོས་སྐོར་གསུངས་པ་མ་ཟད། གསོལ་ཚིགས་ཁང་དུ་སྒེར་གཉེར་ཇ་ཁང་གི་མཐུན་རྐྱེན་ཡང་སྦྱར་འཆར་ཡོད་ནའང་ད་ཕན་སྙན་ཞུ་འབུལ་མཁན་བྱུང་མེད་ན། ཇ་ཁང་གཉེར་འདོད་ཡོད་རིགས་ནས་དཔལ་འབྱོར་ལས་ཁུངས་སུ་འབྲེལ་བ་ཞུ་འཐུས་པའི་ལམ་སྟོན་གནང་ཡོད་པ་རེད། དབུ་འབྱེད་མཛད་སྒོའི་ཐོག་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་ཀརྨ་དགྲ་འདུལ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་གཙོས་པའི་དྲུང་གཞོན་ཡན་གྱི་ལས་བྱེད་མཉམ་ཞུགས་གནང་ཡོད།
གངས་སྐྱིད་ལས་བྱེད་གསོལ་ཚིགས་ཁང་གསར་པའི་ནང་ཁྱོན་མི་གྲངས་ ༣༠༠ ཡི་ཤོང་ཚད་ཡོད་པའི་ཁར། རྩལ་སྦྱོང་ཁང་དང་། སོས་དལ་ཁང་། ཚོང་ཁང་གི་མཐུན་རྐྱེན་ཡང་ཡོད་ལ། རིང་མིན་ལུས་སྦྱོང་ཁང་དང་འབྲེལ་བའི་སྒྲིག་གཞི་གཏན་འབེབས་དང་བཅས་དབུ་འབྱེད་གནང་འཆར་འདུག་པ་བཅས།།