༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༥ ཚེས་ ༢༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྐུ་ཞབས་སིདྡཱ་ར་མཻ་ཡཱ་ (Siddaramaiah) མཆོག་ཀརནཱ་ཊཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དུ་བདམས་ཐོན་བྱུང་བར་འཚམས་འདྲི་གནང་ཡོད།
དེ་ཡང་མཚམས་འཕྲིན་ནང་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ངས་བོད་མིའི་སྒྲིག་འཛུགས་ཀྱིས་གཙོས་པའི་བོད་མི་ཡོངས་དང་། བྱེ་བྲག་ཏུ་ཀརནཱ་ཊཀ་མངའ་སྡེར་གནས་སྡོད་བོད་མི་རྣམས་ཀྱི་ཚབ་ཞུས་ཏེ་མངའ་སྡེའི་འོས་བསྡུ་ཆེན་མོའི་ནང་སྐུ་ཉིད་ཀྱི་ཆབ་སྲིད་ཚོགས་པར་རྒྱལ་ཁ་ཐོབ་ཏེ་སྐུ་ཉིད་སྤྱི་ཁྱབ་བློན་ཆེན་དུ་བདམས་ཐོན་བྱུང་བར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
ཀརནཱ་ཊཀ་མངའ་སྡེའི་གཞུང་དམངས་གཉིས་ནས་བོད་མིར་རྒྱབ་སྐྱོར་གྱིས་མིག་དཔེ་བཟང་པོ་བསྟན་ཡོད་ཅིང་། ད་ལྟའི་ཆར་ཀརནཱ་ཊཀ་མངའ་སྡེ་ནང་བོད་ཀྱི་གདན་ས་ཆེ་ཁག་གཅོས་པའི་དགོན་སྡེ་ཆེ་ཁག་དང་། བོད་མིའི་གཞིས་ཆགས་ཆེ་ཤོས་ཆགས་ཡོད། ཕྲན་རང་སྦེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང་བོད་མིའི་གཞིས་ཆགས་སུ་སྐྱེས་ཤིང་འཚར་བའི་སྤོབས་པ་ལྡན་པའི་བོད་མི་ཞིག་ཡིན་པའི་ཆ་ནས་ཀརནཱ་ཊཀ་མངའ་སྡེ་གཞུང་དམངས་གཉིས་ནས་བོད་མིར་དགོངས་ཡངས་མཐུན་འགྱུར་གནང་བར་བསྔགས་བརྗོད་ཞུ་རྒྱུ་མ་ཟད། སྐུ་ཉིད་ཀྱིས་དེ་སྔོན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གནང་ཡུན་རིང་བོད་མིར་དགོས་ངེས་མཐུན་གྲོགས་གནང་བར་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན། ཞེས་དང་།
མཐའ་དོན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གསར་པ་མཆོག་གི་དབུ་ཁྲིད་ནུས་སྩལ་ལ་ཡིད་ཆེས་དང་སླད་མའི་ལས་དོན་མཐའ་དག་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུས་ཡོད་པ་བཅས།།