༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༥ ཚེས་ ༡༧ ཉིན་གྱི་སྔ་དྲོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་བཀྲ་ཤིས་ལྗོངས་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་སྐབས་གཞིས་ཆགས་ཀྱི་སྐུ་ཚབ་དང་། སྤྲུལ་སྐུ་སྤོབས་པ་རིན་པོ་ཆེ་མཆོག ས་གནས་འཐུས་མི་སོགས་ས་གནས་ཀྱི་ལས་སྣེ་རྣམ་པ་དང་། གཞིས་མི་མང་ཚོགས་བཅས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་རྗེས་ཐོག་མར་ཁམས་སྒར་དཔལ་ཕུན་ཚོགས་ཆོས་འཁོར་གླིང་དགོན་པར་གནས་གཟིགས་དང་། དེ་ནས་བཀྲ་ཤིས་ལྗོངས་བོད་མིའི་གཞིས་ཆགས་སུ་གནས་སྡོད་བོད་མི་མང་ཚོགས་དང་ཐུག་འཕྲད་ཀྱིས་གསུང་བཤད་གནང་ཡོད།སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱིས་སྲིད་བྱུས་དང་འཆར་གཞི་འཆར་འགོད་ཆེད་བཙན་བྱོལ་བོད་མིའི་གྲངས་ཐོ་ཚད་ལྡན་ཞིག་དགོས་པས། གྲངས་ཐོ་བསྡུ་རུབ་ཀྱི་ལས་གཞིར་བོད་མི་རྣམས་ནས་ཕྱར་གྲུ་མཉམ་འདེགས་གནང་དགོས་པའི་འབོད་སྐུལ་དང་སྦྲགས། ཆབ་སྲིད་ཀྱི་ལས་དོན་ཐོག་བཀའ་ཤག་སྐབས་བཅུ་དྲུག་པའི་ངོས་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་རྒྱ་ནག་གཞུང་དང་ལྷན་འབྲེལ་བ་འཛུགས་ཐབས་ལ་འབད་རྩོལ་གནང་བཞིན་ཡོད་ཅིང་། རྒྱ་ནག་གཞུང་ནས་གྲོས་མོལ་ལ་མཉམ་ཞུགས་བྱ་བར་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཞག་ཐོག་ཐབས་བྱུས་ལ་བསྒྱུར་བ་ཕྲན་བུ་བཏང་སྟེ་ལོ་རྒྱུས་ཐོག་བོད་དེ་རང་བཙན་རྒྱལ་ཁབ་ཅིག་ཡིན་པའི་གནད་དོན་རྒྱལ་སྤྱིའི་སྟེང་ནན་བརྗོད་བྱེད་བཞིན་ཡོད་སྐོར་ངོ་སྤྲོད་གནང་།དེ་ལས་འཕྲོས་ཏེ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་རིགས་སྤྱི་དང་དམིགས་བསལ་གཞོན་སྐྱེས་རྣམས་ནས་བོད་ཀྱི་ལོ་རྒྱུས་ལྟ་ཀློག་བྱེད་དགོས་པའི་ལམ་སྟོན་དང་འབྲེལ་བོད་རྒྱའི་འབྲེལ་ལམ་སྐོར་ཤེས་རྟོགས་དང་བོད་དོན་ཞུ་གཏུག་ཆེད་རྒྱལ་སྤྱིའི་ཁྲིམས་དོན་རིག་པའི་མཁས་པ་སྐུ་ཞབས་མཧི་ཀལ་ཝན་ཝལ་ཝན་པ་རག་ལགས་ཀྱིས་བརྩམས་པའི་ (Tibet Brief 20/20) ཞེས་པ་ཀློག་དགོས་པའི་ལམ་སྟོན་གནང་ཡོད་པ་རེད།
གསུང་བཤད་གྲུབ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀ་རཱར་དང་། བཙུན་དགོན་དོན་བརྒྱུད་དགའ་ཚལ་གླིང་བཅས་སུ་གནས་གཟིགས་གནང་སྟེ། ཐེངས་འདིའི་ཧི་མཱ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལ་དང་། མན་ཌི། ཀངྒ་ར་རྫོང་ཁོངས་བོད་མིའི་འདུ་སྡོད་ས་གནས་ཁག་ལ་འཚམས་གཟིགས་ཀྱི་མཛད་འཆར་ཁག་ཡོངས་སུ་ལེགས་གྲུབ་ཀྱིས་རྡ་སར་ཕེབས་གནང་ཡོད་པ་བཅས།།