༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༥ ཚེས་ ༡༥ ཉིན་གྱི་སྔ་དྲོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སྤོན་ཌོ་བཀྲ་ཤིས་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་གནང་ཡོད་པ་དང་། སྐབས་དེར་སུན་མཚོ་མན་གསུམ་དང་སྤོན་ཌོ་བཀྲ་ཤིས་གླིང་གི་ས་གནས་འགོ་འཛིན་དང་། ས་གནས་འཐུས་ཚོགས། ས་གནས་རང་བདེན་ཚོགས་ཆུང་བཅས་ཀྱི་འགོ་ལས་ཁག་དང་མང་ཚོགས་བཅས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད། དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་སྤོན་ཌོ་བཀྲ་ཤིས་གླིང་བྱང་ཆུབ་ལྷ་ཁང་དུ་མཆོད་མཇལ་དང་། ས་གནས་འགོ་འཛིན་ལས་ཁུངས། ས་གནས་འཐུསཚོགས། ས་གནས་རང་བདེན་ཚོགས་ཆུང་གི་ལས་ཁུངས་བཅས་ལ་འཚམས་གཟིགས་གནང་རྗེས་དེ་གའི་མང་ཚོགས་དང་ཐུག་འཕྲད་ཀྱིས་གསུང་བཤད་གནང་ཡོད། ཉིན་རྒྱབ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སྤོན་ཌོ་བཀྲ་ཤིས་གླིང་ནས་མན་ཌིར་ཕེབས་ཐོན་གྱིས་ས་གནས་བོད་མིའི་ཁྲོམ་ས་དང་། མན་ཌི་ཁུལ་གནས་སྡོད་བོད་མི་རྣམས་དང་ཐུག་འཕྲད་ཀྱིས་གསུང་བཤད་གནང་ཡོད་པ་མ་ཟད། ས་གནས་རང་བདེན་ཚོགས་ཆུང་གི་ལས་ཁུངས་ལ་འཚམས་གཟིགས་བཅས་ལེགས་པར་གྲུབ་རྗེས་མཚོ་པདྨར་ཕེབས་འབྱོར་སྐབས་མཚོ་པདྨའི་ས་གནས་འབྲེལ་མཐུད་པ་དང་། ས་གནས་ཀྱི་གཞུང་དང་གཞུང་ཁོངས་མིན་པའི་ཚོགས་པ་ཁག་གི་ལས་སྣེ་རྣམ་པ། ས་གནས་མང་ཚོགས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་བཅས། །