༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨིན་ཡུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་སྐབས་བྷི་བྷི་སི་གསར་ཁང་གི་གཏམ་གླེང་ལེན་ཚན་ (Hard Talk) ལ་ལྷན་ཞུགས་ཀྱིས་བོད་དོན་དང་འབྲེལ་བའི་བཀའ་འདྲིར་ལན་འདེབས་གསལ་བཤད་གནང་ཡོད།
དེ་ཡང་བྷི་བྷི་སིའི་གསར་འགོད་པ་སཱ་ར་མོན་ཊ་གྷི་ (Sarah Montague) ལགས་ཀྱིས་བོད་མིའི་མངོན་འདོད་ངོ་མ་གང་ཡིན་ཐད་བཀའ་འདྲི་ཞུས་གནང་བར་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། བོད་མི་རྣམས་ནས་དངོས་ཡོད་གནས་སྟངས་ལ་གཞིར་བཅས་པའི་ཐོག་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་རྒྱ་ནག་གཞུང་དང་གྲོས་མོལ་གྱི་ལམ་ནས་ཕྱོགས་གཉིས་ཀར་ཕན་པའི་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཆེད་འཐབ་རྩོད་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གཞུང་ནས་གྲོས་མོལ་གྱི་སྔོན་འགྲོའི་ཆ་རྐྱེན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་དེ་གནའ་བོའི་དུས་ནས་རྒྱ་ནག་གི་ཆ་ཤས་ཡིན་པར་ངོས་བཞེས་གནང་དགོས་པར་ཤོད་ཀྱི་ཡོད། འོན་ཀྱང་ལོ་རྒྱུས་ཐོག་ནས་དངོས་ཡོད་གནས་ཚུལ་དེ་ལྟར་མིན་ལ། རྒྱ་ནག་དམར་ཤོག་གཞུང་གིས་བོད་ས་བཙན་བཟུང་མ་བྱས་སྔོན་བོད་དེ་རང་དབང་རང་བཙན་ཡོད་པའི་རྒྱལ་ཁབ་ཅིག་ཡིན། དེ་ལྟ་ནའང་བོད་མི་ཚོས་མ་འོངས་པའི་ཁེ་ཕན་ལ་བསམ་ནས་བོད་ཀྱི་རང་བཙན་གནས་བབ་ཟུར་ལ་བཞག་སྟེ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་རྩོད་ཀྱི་ཡོད་སྐོར་ངོ་སྤྲོད་གནང་ཡོད་པ་རེད།
གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་གི་བོད་ཐོག་འཛིན་པའི་སྲིད་བྱུས་སྤྱི་དང་། བྱེ་བྲག་ཏུ་བོད་ཕྲུག་ས་ཡ་གཅིག་ལྷག་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭ་ཁག་ཏུ་བཙན་པོས་སློབ་འཇུག་བྱས་པ་སོགས་བརྒྱུད་བོད་མིའི་ཆོས་དང་རིག་གཞུང་ངོ་བོ་བཅས་པ་རྩ་མེད་འགྲོ་ཉེན་ཡོད་སྐོར་འགྲེལ་བརྗོད་དང་གནང་བ་དང་ཆབས་ཅིག མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭ་དེ་དག་ཏུ་རྒྱ་སྐད་ཐོག་དམར་ཤོག་ཚོགས་པའི་འགྲེལ་ཚུལ་ལྟར་ལོ་རྒྱུས་སློབ་ཁྲིད་དང་། རྒྱ་ནག་དམར་ཤོག་ཚོགས་པར་ལར་ཞེན་བཅང་ཚུལ་སྐོར་ལམ་སྟོན་བྱེད་ཀྱི་ཡོད་པ་འགྲེལ་བརྗོད་གནང་།
རྒྱ་ནག་གཞུང་གིས་བོད་དུ་ཡར་རྒྱས་དང་དབུལ་འཕོང་གནས་སྟངས་ཉུང་དུ་བཏང་ཡོད་སྐོར་འགྲེལ་བརྗོད་བྱེད་བཞིན་པར་བཀའ་ལན་ཇི་ཡོད་སྐོར་བཀའ་འདྲི་ཞུས་གནང་བར། དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་གིས་དཔལ་འབྱོར་ཡར་རྒྱས་ལས་གལ་ཆེ་བ་བོད་རྒྱ་ཆེ་མི་མང་གི་མངོན་འདོད་ངོ་མ་གང་ཡིན་རྟོགས་ཐུབ་མེད་ཅེས་དང་། དེ་བཞིན་ཁོང་གིས་བོད་ནང་རྒྱ་ནག་གཞུང་གི་དྲག་གནོན་འོག་བོད་ཀྱི་ཆོས་དང་རིག་གཞུང་རྒྱུན་འཛིན་ལ་དཀའ་ངལ་འཕྲད་བཞིན་ཡོད་ནའང་བཙན་བྱོལ་དུ་འདས་པའི་ལོ་ངོ་ ༦༣ རིང་བོད་མི་རྣམས་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་སླར་གསོ་གནང་སྟེ་དར་འཕེལ་འགྲོ་བཞིན་ཡོད་སྐོར་སོགས་ངོ་སྤྲོད་གནང་ཡོད་པ་བཅས།།
བཅར་འདྲིའི་ལེ་ཚན་འབྲེལ་ཐག་འདི་བརྒྱུད་གསན་འཐུས།
https://www.bbc.co.uk/programmes/w3ct4ny9