༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༥ ཚེས་ ༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཌེན་མག་གི་རྒྱལ་ས་ཀོ་པེན་ཧེ་གྷེན་དུ་རྟེན་གཞི་བྱས་པའི་མང་གཙོ་སྣ་འབྲེལ་ཚོགས་པའི་དབུ་འཛིན་སྐུ་ཞབས་ཇོནྶ་པྲེལ་ལོ་ (Jonas Parello-Plesner) ལགས་དང་མཇལ་འཕྲད་གནང་ཡོད་པ་དང་། ཚོགས་པ་དེ་བཞིན་ནེ་ཊོ་ཆིངས་དོན་སྒྲིག་འཛུགས་ཀྱི་དྲུང་ཆེ་ཟུར་པ་དང་། ཌེན་མག་གི་སྲིད་བློན་ཟུར་པ་སྐུ་ཞབས་ཨན་ཌས་ཕོཀ་རཱས་མུ་སིན་ (Anders Fogh Rasmussen) མཆོག་གིས་གསར་འཛུགས་གནང་བའི་གཞུང་ཁོངས་མ་ཡིན་པའི་ཚོགས་པ་ཞིག་ཆགས་ཀྱི་ཡོད་པ་རེད།ཕྱི་ཚེས་ ༣ ཉིན་གྱི་དགོང་དྲོ་ཌེན་མག་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། ཌེན་མག་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་གཉིས་ཐུན་མོང་གིས་གསུང་བཤད་ལས་རིམ་ཞིག་གོ་སྒྲིག་ཞུས་པའི་ཐོག་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་དང་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་དོན་ཆེད་རང་ལུས་མེར་སྲེག་གཏོང་མཁན་རྒྱལ་གཅེས་པ་རྣམས་དང་། རྒྱ་ནག་དམར་གཞུང་འོག་གདུག་སྦྱོང་མནར་གཅོད་མྱངས་དང་མྱོང་བཞིན་པའི་གཞིས་བཞུགས་སྤུན་ཟླ་རྣམ་པའི་རང་དབང་གི་འབོད་སྒྲ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ལ་བཅངས་པའི་རེ་བ་རྣམས་ད་དུང་ཡང་མངོན་འགྱུར་བྱུང་མེད་པའི་སྐོར་གསུངས་ཡོད་པ་མ་ཟད། ད་ལྟའི་རྒྱ་ནག་དམར་གཞུང་གི་སྲིད་བྱུས་འོག བོད་ཀྱི་རིག་གཞུང་རིམ་པས་རྩ་མེད་དུ་འགྲོ་ཉེན་ཡོད་པ་སོགས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་དང་། དེ་བཞིན་རྒྱ་ནག་དང་འབྲེལ་གཏུགས་བྱེད་སྐབས་མང་གཙོའི་རྒྱལ་ཁབ་ཚང་མས་ཕན་ཚུན་འགྲན་རྩོད་ཁོ་ནར་མགོ་མ་འཁོར་བར་མཉམ་རུབ་ཐོག་ནས་གདོང་ལེན་བྱེད་དགོས་གལ་སྐོར་འབོད་སྐུལ་ཞུས་ཡོད།གཞན་ཡང་ཕྱི་ཚེས་ ༤ ཉིན་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཌེན་མག་རྒྱལ་ས་ཀོ་པེན་ཧེ་གྷེན་དུ་ (Nordic Think Tank for Tech and Democracy) ཞེས་པའི་འགན་འཛིན་སྐུ་ཞབས་ཌོ་བྷ་ཡ་སི་ (Tobias Bornakke) ལགས་དང་མཇལ་འཕྲད་གནང་ཡོད། ཚོགས་པ་དེ་བཞིན་ཌེན་མག་རིག་གཞུང་ལྷན་ཁང་ནས་ཐོག་མར་གསར་འཛུགས་གནང་ཞིང་། དེང་དུས་འཕྲུལ་རིག་གིས་ནོར་ཌིག་ཡུལ་གྲུ་ཁག་ནང་མང་གཙོའི་བགྲོ་གླེང་ཐོག་ཤུགས་རྐྱེན་ཐེབས་བཞིན་ཡོད་པ་དེར་གདོང་ལེན་བྱེད་ཆེད་བཙུགས་པ་ཞིག་ཡིན་འདུག བསམ་བློའི་སློབ་སྟོན་པའི་ཚོགས་པ་དེའི་ནང་ནོར་ཌིག་ཡུལ་གྲུ་ཁག་ཚང་མའི་ཚོགས་མི་ཡོད་འདུགཕྱོགས་མཚུངས་ཕྱི་ཚེས་ ༤ ཉིན་གྱི་སྔ་དྲོ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཌེན་མག་གི་རྒྱལ་ས་ཀོ་པེན་ཧེ་གྷེན་དུ་རྟེན་གཞི་བྱས་པའི་ཌེན་མག་གྲོས་ཚོགས་སུ་ཌེན་མག་སྤྱི་ཚོགས་རིང་ལུགས་ཚོགས་པ་ (Socialist People’s Party) ཞེས་པའི་སྲིད་དོན་ཚོགས་པའི་ཕྱི་སྲིད་ལས་དོན་གྱི་མགྲིན་ཚབ་པ་དང་། ཌེན་མག་གི་གྲོས་ཚོགས་འཐུས་མི། གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་དང་སྲིད་བྱུས་ལས་དོན་ཚོགས་ཆུང་གི་ཚོགས་མི། གྲོས་ཚོགས་ཀྱི་རྒྱུན་ལས་ཀྱི་ (Third Vice-President) སྐུ་ཞབས་ཀ་རས་ཌེན་ཧོན་གྷེ་ (Karsten Honge) མཆོག་དང་མཇལ་འཕྲད་གནང་ཡོད།དེ་བཞིན་ཕྱི་ཚེས་ ༤ ཉིན་རྒྱབ་དཔལ་ལྡན་སྲིད་སྐྱོང་མཆོག་ཀོ་པེན་ཧེ་གྷན་དུ་རྟེན་གཞི་བྱས་པའི་ཌེན་མག་འགྲོ་བ་མིའི་ཐོབ་ཐང་བསྟི་གནས་ཁང་ (Danish Institute for Human Rights) དུ་ཆེད་ཕེབས་ཀྱིས་དེ་གའི་འཛིན་སྐྱོང་འགན་འཛིན་ལྕམ་སྐུ་ལུ་ཨིས་ཧོཀ་ (Louise Holck) ལགས་དང་། རྒྱལ་སྤྱིའི་སྡེ་ཚན་གྱི་འགན་འཛིན་ལྕམ་སྐུ་མེཐ་ཐ་ཇི་སན་ (Mette Thygesen) ལགས་རྣམ་གཉིས་དང་མཇལ་མོལ་གནང་ཡོད། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་ནང་རྒྱ་ནག་དམར་གཞུང་གིས་ལོ་ན་ ༤ ནས་ ༡༨ བར་སོན་པའི་བོད་ཕྲུག་ས་ཡ་གཅིག་ལྷག་བཙན་དབང་གིས་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭ་ཁག་གི་ནང་སློབ་འཇུག་བྱེད་བཞིན་པ་སོགས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་གསུངས་པ་ཡོད་པ་མ་ཟད། རྒྱ་ནག་ཐོག་ཞིབ་འཇུག་དང་། ཌེན་མག་གཞུང་གི་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་གོང་མཐོར་གཏོང་རྒྱུར་ཌེན་མག་འགྲོ་བ་མིའི་ཐོབ་ཐང་བསྟི་གནས་ཁང་ལྟ་བུའི་ཚོགས་པའི་གལ་གནད་རང་བཞིན་སྐོར་གསུངས་གནང་ཡོད།ཕྱི་ཚེས་ ༤ ཉིན་རྒྱབ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཌེན་མག་གྲོས་ཚོགས་སུ་ཌེན་མག་གུ་ཡངས་སྲིད་དོན་ཚོགས་པའི་གྲོས་ཚོགས་འཐུས་མི་དང་། གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་མི་སྐུ་ཞབས་ཀིམ་ཝེ་ལིན་ཌིན་ (Kim Valentin) མཆོག་དང་མཇལ་འཕྲད་གནང་ཡོད། ཕྱི་དྲོར་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཌེན་མག་གི་རྒྱལ་ས་ཀོ་པེན་ཧེ་གྷེན་དུ་ (Danish China Critical Society) ཞེས་པའི་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམས་དང་མཇལ་འཕྲད་གནང་ཡོད། གཞི་རྩའི་ཚོགས་པ་དེའི་དམིགས་ཡུལ་ནི། ཌེན་མག་ནང་རྒྱ་ནག་དམར་གཞུང་གི་ཤུགས་རྐྱེན་ངན་པ་མི་ཡོང་སླད་གདོང་ལེན་བྱ་རྒྱུ་དང་། རྒྱ་ནག་དམར་གཞུང་གིས་མང་གཙོ་དང་། རང་དབང་། འགྲོ་བ་མིའི་ཐོབ་ཐང་བཅས་བརྡལ་བཤིག་བཏང་དང་གཏོང་བཞིན་པ་རྣམས་ལ་སྐྱོན་བརྗོད་དང་། གནས་ཚུལ་ཁྱབ་སྤེལ་བྱ་རྒྱུ་དེ་ཡིན་འདུག སྐབས་དེའི་མཇལ་འཕྲད་སྐབས་ཌེན་མག་སྲིད་དོན་ཚོགས་པ་ཁག་འདྲ་མིན་གྱི་གཞོན་སྐྱེས་སྐུ་ཚབ་ཆེད་བཅར་ཞུས་ཡོད་འདུག །
གསར་གནས།
འབྲེལ་གནས།