༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༢ ཉིན་རྒྱབ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཌེན་མག་གི་རྒྱལ་ས་ཀོ་པེན་ཧེ་གྷེན་གནམ་ཐང་དུ་ཕེབས་འབྱོར་སྐབས། དེ་གའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསྟན་པ་འགྱུར་མེད་ལགས་དང་། ཌེན་མག་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨན་ཊར་སན་ (Anders H. Andersen) ལགས་དང་། ཌེན་མག་བོད་ཀྱི་ཤེས་རིག་ལྷན་ཚོགས་ (Danish Tibetan Cultural Society) ཀྱི་ཚོགས་གཙོ་གེ་རི་ཐེ་སོར་ཝིག་ (Grethe Sorvig) ལགས། ཌེན་མག་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་ཀ་ལའུ་ཊི་ (Claudia) ལགས་དང་ཀྲི་ན་ (Tina) ལགས། དེ་བཞིན་ས་གནས་བོད་རིགས་མང་ཚོགས་བཅས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།
ཕྱི་ཚེས་ ༢ ཉིན་གྱི་ཕྱི་དྲོ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཀོ་པེན་ཧེ་གྷེན་ཁུལ་གནས་སྡོད་བོད་རིགས་གཞོན་སྐྱེས་རྣམས་དང་ཐུག་འཕྲད་གནང་ཡོད་པ་མ་ཟད། བོད་ཀྱི་བདེ་དོན་ཐེབས་རྩ་གསར་འཛུགས་གནང་མཁན་ལྭ་ཁ་རིན་པོ་ཆེ་མཆོག་དང་མཇལ་འཕྲད་གནང་ཡོད། དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཌེན་མག་རྒྱལ་ས་ཀོ་པེན་ཧེ་གྷེན་ཁུལ་གནས་སྡོད་བོད་རིགས་མང་ཚོགས་དང་ཐུག་འཕྲད་ཀྱིས་བོད་དོན་སྐོར་གསུང་བཤད་གནང་སྐབས་བཀའ་ཤག་སྐབས་བཅུ་དྲུག་པའི་འཛིན་བཞིན་པའི་སྲིད་བྱུས་སྤྱི་དང་། ལྷག་པར་བོད་ཀྱི་དཀའ་ངལ་སེལ་ཆེད་དབུ་མའི་ལམ་གྱི་སྲིད་བྱུས་ལ་གདེང་འཇོག་ཇེ་ཆེར་ཐོབ་པའི་ཐོག་ནས་བོད་རྒྱ་གཉིས་སྨན་གྱི་ཐབས་ལམ་འཚོལ་ཐབས་སོགས་ཀྱི་ཐོག་གསུང་བཤད་གནང་ཡོད།
ཕྱི་ཚེས་ ༣ ཉིན་གྱི་སྔ་དྲོ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཌེན་མག་གི་རྒྱལ་ས་ཀོ་པེན་ཧེ་གྷེན་དུ་རྟེན་གཞི་བྱས་པའི་ཌེན་མག་གྲོས་ཚོགས་སུ་ཌེན་མག་སྲིད་དོན་ཚོགས་པ་(Danish People’s Party) ཞེས་པའི་ཚོགས་གཙོ་དང་། ཌེན་མག་གྲོས་ཚོགས་འཐུས་མི་སྐུ་ཞབས་མོར་ཊན་ (Morten Messerschmidt) ལགས་དང་ལྷན་མཇལ་འཕྲད་གནང་ཡོད། དཔལ་ལྡན་སྲིད་སྐྱོང་མཆོག་དང་ལྷན། ཨིན་ཡུལ་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས། དྲུང་ཆེ་བློ་བཟང་བསམ་གཏན་ལགས། ཌེན་མག་བོད་རིགས་ཚོགས་གཙོ་བསྟན་པ་འགྱུར་མེད་ལགས། བོད་དོན་རྒྱབ་སྐྱོར་ཚོགས་པ་ (Tibet Support Committee, Denmark)ཞེས་པའི་ཚོགས་མི་ཨན་ཊར་སན་ (Anders Højmark Andersen) ལགས་དང་། ཧེན་བྷེ་སི་ (Hanne Bess Boelsbjerg) ལགས་བཅས་ལྷན་བཅར་ཞུས་ཡོད།
དེ་རྗེས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཌེན་མག་གི་རྒྱལ་ས་ཀོ་པེན་ཧེ་གྷེན་དུ་རྟེན་གཞི་བྱས་པའི་ཌེན་མག་གྲོས་ཚོགས་སུ་ཌེན་མག་སྲིད་དོན་ཚོགས་པ་ (The Alternative) ཞེས་པའི་ཕྱི་སྲིད་ལས་དོན་གྱི་མགྲིན་ཚབ་པ་དང་། དེ་བཞིན་ཌེན་མག་གི་གྲོས་ཚོགས་འཐུས་མི། གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་མི་ལྕམ་སྐུ་སཱ་ཆ་ (Sascha Faxe) ལགས་དང་ལྷན་མཇལ་འཕྲད་གནང་ཡོད། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་དང་ལྷན། ཨིན་ཡུལ་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས། དྲུང་ཆེ་བློ་བཟང་བསམ་གཏན་ལགས། ཌེན་མག་བོད་རིགས་ཚོགས་གཙོ་བསྟན་པ་འགྱུར་མེད་ལགས། བོད་དོན་རྒྱབ་སྐྱོར་ཚོགས་པ་ (Tibet Support Committee, Denmark) ཞེས་པའི་ཚོགས་མི་ཨན་ཊར་སན་ (Anders Højmark Andersen) ལགས་དང་། ཧེན་བྷེ་སི་ (Hanne Bess Boelsbjerg) ལགས་བཅས་ལྷན་བཅར་ཞུས་ཡོད་པ་བཅས།།