༄༅། །ཕྱི་ལོ་༢༠༢༡ ཟླ་བ་ ༤ ཚེས་ ༣ ཉིན་རྒྱ་ནག་གཞུང་གིས་ཕྱི་ཕྱོགས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གཉིས་ལ་སྐྱབས་བསྔོ་ཞུ་རྟེན་གྱི་དངུལ་བསྐུར་བའི་ཉེས་མིང་འོག་འཛིན་བཟུང་གིས་ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རྔ་བ་ཀིརྟི་དགོན་གྱི་ལྷ་སྡེ་འགབ་མ་ནས་ཡིན་པ་ཚེ་རིང་ཚང་གི་བུ་དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས་ཀྱི་བཙོན་འཇུག་དུས་ཡུན་གཙང་སྟེ་ཕྱི་ཟླ་ ༥ ཚེས་ ༢༣ ཉིན་གློད་བཀྲོལ་བཏང་ཡོད་ཀྱང་བཙོན་ཁང་དུ་མནར་གཅོད་དང་སུན་གཙེར་བཟོས་རྐྱེན་སྐུ་གཟུགས་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་ཡོད་འདུག
དེ་ཡང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ནས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༡ ལོར་དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས་དང་ཁོང་གི་སྲིང་མོ་ཚེ་རིང་ལྷ་མོ་ལགས། དེ་བཞིན་ཀིརྟི་དགོན་པའི་དགེ་འདུན་པ་དགེ་བཤེས་རྭ་ཆུང་དགེ་འདུན་ལགས་བཅས་ནས་ བཞུགས་སྒར་དྷ་རམ་ས་ལར་རྟེན་གཞི་བྱས་པའི་ཀིརྟི་བྱེས་པ་གྲྭ་ཚང་གི་ཕྱག་མཛོད་བློ་བཟང་ཐོགས་མེད་ལགས་བརྒྱུད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གཉིས་ལ་སྐྱབས་བསྔོ་ཞུ་རྟེན་གྱི་དངུལ་བསྐུར་བའི་ཉེས་མིང་འོག་འཛིན་བཟུང་དང་དུས་ཡུན་མི་འདྲ་བའི་ཁྲིམས་ཆད་བཅད་ཡོད།
རྒྱ་ནག་གཞུང་གིས་དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས་བཀག་ཉར་དང་འདྲི་རྩད་ཡུན་རིང་བྱས་ཏེ། ཕྱི་ལོ་ ༢༠༢༢ ཟླ་ ༧ ནང་ཁོང་ལ་ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་དེ་རྒྱ་ནག་མེན་ཡང་བཙོན་ཁང་དུ་བཅུག་ཡོད། དེ་བཞིན་ཀིརྟི་དགོན་གྱི་དགེ་བཤེས་རྭ་ཆུང་དགེ་འདུན་ལགས་ཀྱང་ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༡ ཉིན་གྱི་མཚན་མོར་ཀིརྟི་དགོན་གྱི་རང་ཤག་ནས་གློ་བུར་དུ་ཉེན་རྟོག་པས་འཛིན་བཟུང་གིས་ཕྱི་ལོ་ ༢༠༢༢ ཟླ་ ༧ ནང་ཁོང་ལ་དུས་ཡུན་ལོ་གསུམ་དང་ཟླ་དྲུག་རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད་ལ། དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས་ཀྱི་སྲིང་མོ་ཚེ་རིང་ལྷ་མོ་ལགས་ཀྱང་ཕྱི་ལོ་ ༢༠༢༡ ཟླ་བ་ ༤ ནང་འཛིན་བཟུང་གིས་འདས་པའི་ལོ་གཉིས་ལྷག་རིང་ཁྲིམས་ཐག་གང་བཅད་མིན་ཞིབ་ཕྲའི་གནས་ཚུལ་གསལ་ཁ་གང་ཡང་མེད་པར་གློད་ཡོད་པ་དང་། ད་ལྟའི་ཆར་རྭ་ཆུང་དགེ་འདུན་ལགས་མུ་མཐུད་རྒྱ་ནག་ཏེན་ཡང་བཙོན་ཁང་དུ་བཙོན་འཇུག་ཡིན་འདུག
དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས་ལོ་ན་ཆུང་དུས་ནས་རྔ་ཡུལ་ཀིརྟི་དགོན་དགེ་ལྡན་ལེགས་བཤད་གླིང་གི་ཆོས་སྒོར་ཞུགས་ཏེ། དགེ་བའི་བཤེས་གཉེན་ཆེན་པོ་བློ་བསྟན་ལགས་སོགས་བསྟེན་ནས་གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་སློབ་གཉེར་རིམ་པར་གནང་མཐར་རྔ་བ་ཀིརྟི་དགོན་ནས་དགེ་བཤེས་ཀྱི་མཚན་རྟགས་བཞེས་པ་དང་། དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས་ནས་དེ་སྔ་ཀིརྟི་དགོན་པའི་དགེ་བསྐོས་དང་ཆོས་ལུགས་དོ་དམ་ཨུ་ཡོན་ལྷན་ཁང་གི་ལས་འགན་འཁུར་མྱོང་ཡོད་པ་དང་། ཁོང་གིས་དགོན་པའི་ལས་འགན་སྔ་ཕྱིར་བཞེས་པའི་རིང་། ཕྱི་ལོ་ ༢༠༠༨ ལོའི་བོད་ནང་གི་ས་བྱི་ཞི་རྒོལ་སོགས་ཀྱི་སྐབས་སུ་རྫོང་དང་དགོན་པའི་བར་ཆབ་སྲིད་ཀྱི་གནད་དོན་དང་འབྲེལ་ནས་དཀའ་ངལ་རིམ་པར་འཕྲད་ཡོད་འདུག