༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༥ ཚེས་ ༠༣ དང་ ༠༤ བཅས་ཉིན་གྲངས་གཉིས་རིང་ཉི་འོང་གི་རྒྱལ་ས་ཀྲོག་ཡོར་ཉི་འོང་གི་དུས་ཆེན་བཞི་འཛོམས་ཀྱི་གཟའ་འཁོར་དང་སྟབས་བསྟུན་ཉི་འོང་བོད་དོན་རྒྱབ་སྐྱོར་བ་དང་ཡུལ་སྐོར་བ་རྣམས་ནས་བོད་ཀྱི་ཆོས་དང་རིག་གཞུང་། ལོ་རྒྱུས་བཅས་ལ་སྤྲོ་སྣང་སླེབས་ཆེད་བོད་ཀྱི་དུས་སྟོན་ཞིག་གོ་སྒྲིག་གནང་ཡོད་པ་རེད།
དེ་ཡང་དུས་སྟོན་གྱི་དབུ་འབྱེད་མཛད་སྒོར་ཉི་འོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་མཉམ་ཞུགས་པ་རྣམས་ལ་ཕེབས་བསུའི་འཚམས་འདྲི་དང་བཅས་འདི་ལོར་ཡང་ཀྲོག་ཡོའི་ཧོང་ཝང་ཇི་ལྷ་ཁང་ (Hongwanji Temple) དུ་བོད་ཀྱི་དུས་སྟོན་གོ་སྒྲིག་ཞུ་ཐུབ་པར་དགའ་ཚོར་ཆེན་པོ་བྱུང་ཡོད་པ་དང་། ལྷ་ཁང་དེ་ཉིད་ཀྱི་དབུ་སྐྱོང་ཤི་ཧོང་ཝང་ཇི་ (Nishi Hongwanji) མཆོག་ནི་ལོ་རྒྱུས་ཐོག་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གི་དུས་སྐབས་ནས་བོད་དང་འབྲེལ་བ་བྱུང་ཡོད་པ་མ་ཟད། ༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་སྐུའི་གཅེན་པོ་སྟག་ཚེར་རིན་པོ་ཆེ་མཆོག་ཕྱི་ལོ་ ༡༠༥༠ ཙམ་ལ་ལྷ་ཁང་དེར་སྐུ་བཞུགས་གནང་མྱོང་ཡོད་པས། ཐེངས་འདིའི་བོད་ཀྱི་དུས་སྟོན་བརྒྱུད་བོད་དང་ཉི་འོང་བར་གྱི་འབྲེལ་བ་སླར་གསོ་བྱུང་ཡོད་སྐོར་ངོ་སྤྲོད་གནང་ཡོད།
དེ་རྗེས་ཚུ་ཀི་ཇི་ཧོང་ཝང་ཇི་ལྷ་ཁང་ (Tsukiji Hongwangji Temple) གི་མཁན་པོ་ཨ་བེ་ཏེག་ཡོ་ལགས་ཀྱིས་འཚམས་འདྲི་དང་སྦྲགས་ལྷ་ཁང་གི་ཡོར་ཡུག་ཏུ་བོད་ཀྱི་དུས་སྟོན་གོ་སྒྲིག་ཞུ་ཐུབ་པ་དང་། དེ་ལ་བརྟེན་ནས་བོད་དང་ལྷ་ཁང་དེ་གཉིས་བར་གྱི་འབྲེལ་བ་སླར་ཡང་གསོ་ཐུབ་པར་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས།བོད་ཀྱི་དུས་སྟོན་ཐོག་བོད་ཀྱི་ལོ་རྒྱུས་དང་། བོད་བརྒྱུད་ནང་བསྟན། སྒོམ་ཉམས་ལེན་སོགས་ཀྱི་སྐོར་གསུང་བཤད་ལས་རིམ་གོ་སྒྲིག་ཞུས་ཡོད་ཅིང་། སྐབས་དེར་ཝ་སི་ཊ་གཙུག་ལག་སློབ་གཉེར་ཁང་(Waseda University) གི་གཙུག་ལག་སློབ་དཔོན་ཨི་ཤི་ཧ་མ་ཧུ་མི་ཀོ་ (Ishihama Yumiko) ལགས་ཀྱིས་དབུ་འབྱེད་གསུང་བཤད་དུ་ཧོང་ཝང་ཇི་ལྷ་ཁང་དང་བོད་བར་གྱི་འབྲེལ་ལམ་སྤྱི་དང་། ལྷག་པར་ཉི་འོང་བ་ཨའོ་ཀི་བུན་ཀོ་ (Aoki Bunkyo) ལགས་དང་། ཏ་ད་ཀོ་ཏན་ (Tada Tokan) ལགས་གཉིས་བོད་དུ་ཕེབས་པའི་ལོ་རྒྱུས་ངོ་སྤྲོད་གནང་ཡོད་པ་རེད།
དེ་བཞིན་དཀོན་མཆོག་སྲི་ཐར་ལགས་དང་བསྟན་འཛིན་མཁྱེན་བརྩེ་ལགས་གཉིས་ནས་ནང་བསྟན་སྤྱི་དང་། བྱེ་བྲག་ཏུ་བོད་བརྒྱུད་ནང་བསྟན་སྐོར་འགྲེལ་བརྗོད་དང་། དགེ་བཤེས་བསོད་ནམས་རྒྱལ་མཚན་ལགས་ཀྱིས་སྨོན་ལམ་གསུང་འདོན་དང་སྒོམ་ཉམས་ལེན་སྐོར། དེ་བཞིན་བསྟན་འཛིན་མཁྱེན་བརྩེ་ལགས་དང་མཁན་པོ་ཀུན་བཟང་བསྟན་པ་ལགས་གཉིས་ནས་རྒྱ་གར་དུ་ནང་ཆོས་ལ་ཐོས་བསམ་སློབ་གཉེར་གནང་བའི་ཉམས་མྱོང་གསུངས། དེ་མཚུངས་རྩོམ་པ་པོ་ཝ་ཊ་ན་བི་ (Watanabe Ichie sensei) ལགས་ཀྱིས་བོད་དོན་དང་འབྲེལ་བ་བྱུང་ཚུལ་དང་། ཁོང་རང་བོད་དང་གངས་རིན་པོ་ཆེར་གནས་སྐོར་ལ་ཕེབས་པའི་སྐོར་གསུངས་ཡོད་པ་རེད། གཞན་ཡང་བོད་ཀྱི་དུས་སྟོན་ཐོག་སྙན་གྲགས་ཆེ་བའི་གེ་རེ་མི་གཟེངས་རྟགས་ (Grammy) ཀྱི་འོར་མིར་འཚུད་མཁན་བསྟན་འཛིན་ཆོས་རྒྱལ་ལགས་དང་ལས་རོགས། བོད་ཀྱི་སྒྱུ་རྩལ་བ་བསྟན་འཛིན་ཀུན་བཟང་སོགས་ནས་སྒྲ་སྙན་དང་། གླིང་བུ་སོགས་ཀྱི་རོལ་དབྱངས་ཀྱིས་ཚོགས་བཅར་བའི་ཡིད་མགུ་བར་བྱས་པ་མ་ཟད། འབྲོག་པའི་སྒྱུ་རྩལ་ཞེས་པའི་སྒྱུ་རྩལ་བ་ཀརྨ་དོན་གྲུབ་ལགས་ཀྱིས་བཙན་བྱོལ་བོད་མི་དང་འབྲེལ་བའི་པར་རིས་འགྲེམས་སྟོན་དང་། བོད་དོན་ལ་རོགས་སྐྱོར་གནང་མཁན་རོགས་ཚོགས་ (KIKU) དང་། (NPO) གཉིས་ནས་རོགས་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་དང་འབྲེལ་བའི་གོ་རྟོགས་སྤེལ་ཡོད་པ་རེད། དུས་སྟོན་ཚོགས་ཡུལ་དུ་རླུང་རྟ་དང་། ཐང་ཀ པོ་ཏ་ལའི་གྱང་སྦྱར། བོད་ཀྱི་ཆས་གོས་སོགས་ཀྱིས་བརྒྱན་ཞིང་། སྐབས་དེར་བོད་ཁང་དང་། པོ་ཏ་ལ་མཐོ་སློབ། ཁ་བ་ཅན། བཀྲ་ཤིས་བདེ་ལེགས་ཟ་ཁང་སོགས་ནས་དཔེ་དེབ་དང་། ཆས་གོས། ལག་ཤེས་བཟོ་རིག བོད་ཟས་སོགས་སྒྲིག་གཤོམ་ཚོང་སྒྱུར་གནང་ཡོད། མཐར་མཇུག་སྡོམ་མཛད་སྒོར་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཐུགས་རྗེ་ལེགས་འབུལ་གྱི་གསུང་བཤད་གནང་རྗེས་ཚོགས་བཅར་བ་ཡོངས་སྒོར་གཞས་ལ་མཉམ་རོལ་གནང་། ཐེངས་འདིའི་བོད་ཀྱི་དུས་སྟོན་བརྒྱུད་ཉི་འོང་བ་དང་བོད་མི་རྣམས་ལ་བོད་ཀྱི་རིག་གཞུང་དང་། བོད་ཟས། བོད་ཀྱི་རྐང་བྲོ་གླུ་གཞས་སོགས་ལ་ལོངས་སུ་སྤྱོད་རྒྱུའི་གོ་སྐབས་བྱུང་བ་མ་ཟད། མཉམ་ཞུགས་པ་རྣམས་ལ་བོད་ཀྱི་རིག་གཞུང་དང་བོད་དོན་འཐབ་རྩོད་སྐོར་གོ་རྟོགས་སྤེལ་རྒྱུའི་གོ་སྐབས་བཟང་པོ་བྱུང་། དུས་སྟོན་ཚགས་ཚུད་ཡོང་བར་ཉི་འོང་སྐུ་ཚབ་དོན་གཅོད་དང་ལྷན་དུ་ཉི་འོང་གནས་སྡོད་བོད་མི་དང་། བོད་སྐྱོབ་འབྲེལ་མཐུད་ཁང་ (Tibet Network) ནས་མཐུན་འགྱུར་རམས་འདེགས་གནང་ཞིང་། བོད་སྐྱོབ་འབྲེལ་མཐུད་ཁང་གི་སྐུ་ཞབས་ཀི་ཊ་ཛ་བ་(Kitazawa Anri) ལགས་ཀྱིས་ཉིན་གཉིས་ཀྱི་མཛད་སྒོ་གཙོ་སྐྱོང་གནང་ཡོད་པ་བཅས།།