༄༅། །འདི་གར་ཤེས་རིག་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༢༤ ནས་ ༢༨ བར་ཉིན་ལྔའི་རིང་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་བོད་པའི་སློབ་གྲྭ་ཁག་གི་སཱི་ཤེས་ཡོན་སློབ་གསོའམ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་གསོའི་མཐུན་སྦྱོར་བའམ་དགེ་རྒན་འོས་སྦྱོང་བ་རྣམས་ལ་སཱི་ཤེས་ཡོན་སློབ་གསོ་དང་དཔྱད་སྒོམ་ལ་བརྟེན་པའི་སྙིང་རྗེའི་སྦྱོང་བརྡར་ཐོག་ཟབ་སྦྱོང་གོ་སྒྲིག་ཞུས་པ་ལེགས་གྲུབ་ཟིན།
ཉིན་ལྔའི་ཟབ་སྦྱོང་མཐུན་སྦྱོར་གནང་མཁན་ནི། ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སྒོམ་སྒྲུབ་ཚན་རིག་དང་སྙིང་རྗེ་གཞི་རྩར་བཟུང་བའི་བཟང་སྤྱོད་ལྟེ་གནས་ཁང་གི་འགན་འཛིན་འབུམ་རམས་པ་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་དང་། སཱི་ཤེས་ཡོན་སློབ་གསོའི་རྒྱལ་སྤྱིའི་འབྲེལ་མཐུད་པའམ་མཐུན་སྦྱོར་བ་རྒན་པ་བརྩོན་འགྲུས་བསམ་འཕེལ་ལགས་གཉིས་ཡིན། དེའང་ཟབ་སྦྱོང་དུ་མཉམ་ཞུགས་གནང་མཁན་རྣམས་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྣམས་ཡིན།ཉིན་དང་པོ་ཚེས་ ༢༤ ཞོགས་པ་ཆུ་ཚོད་ ༩།༠༠ ཐོག་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་དབུ་བཞུགས་ཐོག་དབུ་འབྱེད་མཛད་སྒོ་འཚོགས་གནང་ཡོད། མཛད་སྒོའི་ཐོག་མར་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་འགན་འཛིན་བསྟན་འཛིན་པདྨ་ལགས་ཀྱིས་དགའ་བསུའི་འཚམས་འདྲི་དང་ཟབ་སྦྱོང་ངོ་སྤྲོད་གསུང་བཤད་དང་། དེ་རྗེས་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་ཀྱིས་ཟབ་སྦྱོང་དང་འབྲེལ་བའི་གསུང་བཤད་གནང་ཡོད། དེ་ནས་སྐུ་མགྲོན་གཙོ་བོ་མཆོག་གིས་དབུ་འབྱེད་གསུང་བཤད་དང་། ཤེས་རིག་ལས་ཁུངས་ཀྱི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་ཀརྨ་བདེ་སྐྱིད་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་དབུ་འབྱེད་མཛད་སྒོ་གྲོལ།
ཟབ་སྦྱོང་གི་ཚོགས་ཐུན་དང་པོར་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་དང་བརྩོན་འགྲུས་བསམ་འཕེལ་ལགས་ལྷན་རྒྱས་ནས་སཱི་ཤེས་ཡོན་སློབ་གསོའི་ཉམས་ལེན་གྱི་གནད་འགག་དང་། བཟང་སྤྱོད་རྣམ་འབྱེད་ཀྱི་བློ། སོར་ཆུད་ཚན་རིག་བཅས་ཀྱི་སྐོར་ཟབ་ཁྲིད་གནང་།
ཉིན་རྒྱབ་ཚོགས་ཐུན་གཉིས་པ་དང་གསུམ་པའི་ནང་བསྟན་འཛིན་བསམ་གྲུབ་ལགས་ཀྱིས་སཱི་ཤེས་ཡོན་སློབ་གསོའི་སྒྲོམ་གཞི་དང་། བསྟན་འཛིན་ངག་སྒྲོན་ལགས་ཀྱིས་བདེ་སྐྱིད་ནི་ང་ཚོ་ཚང་མའི་མངོན་འདོད་ཡིན། ཚེ་རིང་བུ་འཁྲིད་ལགས་དང་བློ་བཟང་སྒྲོལ་མ་ལགས་ཀྱིས་གཞན་ལ་དགོངས་ཡངས་ཀྱི་བཟོད་བསྲན། གཡང་འཛོམས་ལགས་ཀྱིས་བྱམས་སྙིང་རྗེ་ལྡན་པའི་འཛིན་ཁང་སྐྲུན་ཐབས། བསྟན་འཛིན་མཚན་ལེགས་ལགས་ཀྱིས་སོ་སོའི་མི་ཚེའི་ནང་སྙིང་རྗེ་ལག་ལེན་ཇི་ལྟར་འཁེལ་ཐབས། ཡེ་ཤེས་སྒྲོལ་མ་ལགས་ཀྱིས་བྱམས་སྙིང་རྗེ་ནི་ནང་སེམས་ཀྱི་ཡོན་ཏན་ཡིན། ཟླ་བ་དོན་གྲུབ་ལགས་དང་འགྱུར་མེད་ཚེ་རིང་ལགས་ཀྱིས་རང་ལ་དམིགས་པའི་སྙིང་རྗེ་དང་གཞན་ལ་དམིགས་པའི་སྙིང་རྗེ་བཅས་བརྗོད་གཞི་སྣ་མང་ཐོག་སྤྱན་བསྟར་གནང་རྗེས་ཟབ་ཁྲིད་པ་ནས་ལེགས་སྤེལ་ཉེས་འགོག་གི་དགོངས་འཆར་གནང་ཡོད།ཟླ་ ༥ ཚེས་ ༢༥ ཉིན་བརྩོན་འགྲུས་བསམ་འཕེལ་ལགས་ཀྱིས་སེམས་མྱོང་ཚོད་འཛིན་དང་། ཡིད་བྱེད་སྦྱོང་བརྡར། བསླབ་གཞི་ལག་བསྟར། བསླབ་གཞི་མཉམ་བསྡུས། སྤྱི་ཁེབས་ལས་འཆར་བཅས་ཀྱི་ཐོག་ཉིན་ཕྱེད་རིང་ཟབ་ཁྲིད་གནང་ཡོད།
ཉིན་རྒྱབ་ཀྱི་ཚོགས་ཐུན་དེ་ཉིད་༸གོང་ས་མཆོག་གི་དཔེ་མཛོད་དང་ཡིག་ཚགས་ཁང་དུ་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས་༸རྒྱལ་བའི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་བཀའ་སློབ་གནང་ཡོད་ཅིང་། སྐབས་དེར་ཤེས་རིག་བཀའ་བློན་མཆོག་གིས་དབུས་པའི་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་དང་། བརྩོན་འགྲུས་བསམ་འཕེལ་ལགས་ཕེབས་ཡོད། བཀའ་སློབ་གྲུབ་རྗེས་དྲི་བ་དྲིས་ལན་གྱི་ལས་རིམ་དང་། དེ་ནས་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་ཡོངས་ནས་ཟླ་གྲངས་བརྒྱད་ཙམ་གྱི་དྲྭ་ཐོག་འོས་སྦྱོང་ཟིན་པར་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རིམ་པ་དང་པོའི་ཕྱག་འཁྱེར་གསོལ་སྩལ་གནང་ཡོད།ཕྱི་ཚེས་ ༢༦ ཉིན་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་ཡོངས་ལ་རུ་ཁག་གཞན་ཁག་དང་ལྷན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཟུར་མཇལ་དང་བཀའ་སློབ་བཀའ་དྲིན་སྩལ་གནང་ཡོད། དེ་ཉིན་བརྩོན་འགྲུས་བསམ་འཕེལ་ལགས་ཀྱིས་སློབ་ཁག་སོ་སོའི་ནང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་ལག་བསྟར་གང་འགྲོ་ཡི་ཡོད་པ་དང་། ཡར་རྒྱས་གཏང་དགོས་པ་གང་དང་གང་ཡོད། མ་འོངས་ལས་འཆར་གང་དང་གང་སྤེལ་འཆར་སོགས་ཀྱི་བརྗོད་གཞིའི་ཐོག་གྲོས་བསྡུར་དང་སྤྱན་བསྟར་གནང་རྒྱུའི་ཐད་ལམ་སྟོན་གནང་ཡོད། དེ་ནས་མཐུན་སྦྱོར་བ་བསྟན་འཛིན་ཆོས་འཕེལ་ལགས་ཀྱིས་གཞི་ཚུགས་ལག་ལེན་དང་། མཐུན་རྐྱེན་བསྟེན་སྦྱོར། བྱ་ར། པ་སངས་དོན་གྲུབ་ལགས་ཀྱིས་དབང་རྩ་མ་ལག་གི་སྐོར། རྣམ་རྒྱལ་ཡར་འཕེལ་ལགས་ཀྱིས་དཔྱད་སྒོམ་གྱི་ལག་ལེན་བཅས་ཀྱི་སྐོར་སྤྱན་བསྟར་གནང་ཡོད།ཕྱི་ཚེས་ ༢༧ ཉིན་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་དང་། བརྩོན་འགྲུས་བསམ་འཕེལ་ལགས་ལྷན་རྒྱས་ཀྱིས་དཔྱད་སྒོམ་ལ་བརྟེན་པའི་སྙིང་རྗེའི་སྦྱོང་བརྡར་གྱི་བརྗོད་གཞི་བྱམས་བརྩེའི་མྱོང་བ་དང་སྦྲེལ་བ་དང་། ཡིད་བྱེད་ཀྱི་བརྟན་ཆ་དང་གསལ་ཆ་སྤེལ་བ། རང་རྒྱུད་རང་ཤེས་ཀྱི་ནུས་པ་གོང་སྤེལ་བཅས་བརྗོད་གཞི་ཁག་གསུམ་གྱི་ཐོག་ཟབ་ཁྲིད་གནང་ཡོད་པ་དང་། དེ་ནས་མཐུན་སྦྱོར་བ་སྐལ་བཟང་ཚེ་དབང་ལགས་ཀྱིས་ཕྲུ་གུའི་སྤྱོད་ཚུལ་ཡར་རྒྱས་གཏོང་ཐབས་དང་། སྐལ་ལྡན་ལགས་ནས་སེམས་མྱོང་། སྟོབས་རྒྱལ་ལགས་ནས་སེམས་མྱོང་གི་ཁ་ལོ་སྒྱུར་བ། བྱམས་པ་བཟང་པོ་ལགས་ནས་མ་ལག་གི་བསམ་གཞིག་དང་འབྲེལ་སློབ་གྲྭར་སྤྱི་ཚོགས་བདེ་དོན་བྱེད་སྒོའི་ལག་བསྟར་བྱེད་ཚུལ། བསྟན་འཛིན་དངོས་གྲུབ་ལགས་ཀྱིས་སློབ་ཕྲུག་གི་སྒྲིག་འགལ་ལས་ཐར་བའི་སཱི་ཤེས་ཡོན་སློབ་གསོའི་ཐབས་བྱུས། འཆི་མེད་རྡོ་རྗེ་ལགས་ཀྱིས་འཛིན་གྲྭའི་གྲོས་མཐུན་དང་དེའི་ཕན་ནུས་བཅས་བརྗོད་གཞི་ཁག་གི་ཐོག་སྤྱན་བསྟར་གནང་ཡོད།
ཉིན་མཐའ་མ་ཕྱི་ཚེས་ ༢༨ ཉིན་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་དང་བརྩོན་འགྲུས་བསམ་འཕེལ་ལགས་ལྷན་རྒྱས་ནས་དཔྱད་སྒོམ་ལ་བརྟེན་པའི་སྙིང་རྗེའི་སྦྱོང་བརྡར་གྱི་བརྗོད་གཞི་རང་ལ་དམིགས་པའི་སྙིང་རྗེ་སྦྱོང་བ་དང་། སེམས་ཁུར་གྱི་དམིགས་པ་རྒྱ་སྐྱེད་པ། དྲིན་དྲན་དང་གཅེས་ཤིང་ཕངས་པའི་བློ་ཇེ་ཟབ་ཏུ་གཏོང་བ། སྙིང་རྗེའི་ནུས་སྟོབས་སྐྱེད་པ་བཅས་བརྗོད་གཞི་ཁག་གི་ཐོག་ཟབ་ཁྲིད་གནང་བ་དང་། དཔྱད་སྒོམ་ལ་བརྟེན་པའི་སྙིང་རྗེའི་སྦྱོང་བརྡར་དང་འབྲེལ་བའི་བརྗོད་གཞི་ཚང་མ་ཟབ་ཁྲིད་གནང་སྐབས་སྒོམ་སྒྲུབ་ཀྱི་ལེ་ཚན་ལྷན་དུ་གནང་ཡོད།
ཉིན་ལྔའི་ཟབ་སྦྱོང་གི་མཇུག་བསྡོམས་མཛད་སྒོའི་ཐོག་དྷ་ས་བོད་ཁྱིམ་དང་། མ་སུ་རི་བོད་ཁྱིམ། སཾབྷོ་ཊ་བོད་སློབ་ཚོགས་པ། བལ་ཡུལ་གངས་ཅན་བདེ་རྩ་བཅས་སློབ་སྡེ་ཁག་བཞིའི་སྐུ་ཚབ་བསྟན་འཛིན་དངོས་གྲུབ་ལགས་དང་། བསྟན་འཛིན་ཆོས་འཕེལ་ལགས། བསྟན་འཛིན་ལྷ་སྒྲོན་ལགས། བྱམས་པ་བཟང་པོ་ལགས་བཅས་ནས་སྡེ་ཁག་སོ་སོའི་ཚབ་ཞུས་ནས་ཉིན་ལྔའི་ཉམས་མྱོང་དང་། བློ་བསྐྱེད་གང་བྱུང་བ། མ་འོངས་པར་གང་གནང་ཐུབ་པ་བཅས་ཀྱི་སྐོར་དགོངས་ཚུལ་གསུངས་པ་དང་། དེ་ནས་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་ཀྱིས་མཉམ་ཞུགས་པ་རྣམས་ལ་ཁ་ཕྱོགས་ལམ་སྟོན་བཀའ་སློབ་གནང་ཡོད་པ་དང་། ཤེས་ལྷན་འགན་འཛིན་གྱིས་ཟབ་ཁྲིད་པ་དང་མཉམ་ཞུགས་པ་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་ཆབས་ཅིག་༸གོང་ས་མཆོག་གི་དགོངས་གཞི་ཁག་འགྲུབ་པར་ཚང་མའི་ནུས་པ་མཉམ་སྤུངས་དགོས་སྐོར་སོགས་ཀྱི་ཐོག་གསུང་བཤད་དང་། མཐའ་མར་མཉམ་ཞུགས་པ་ཡོངས་ནས་ཟབ་ཁྲིད་པ་ལྷན་རྒྱས་ལ་ཐུགས་རྗེ་ལེགས་འབུལ་ཕྱག་རྟགས་དང་མཇལ་དར་ཕུལ་ཏེ་ཉིན་ལྔའི་ཟབ་སྦྱོང་མཇུག་བསྒྲིལ། ཟབ་སྦྱོང་གི་འགྲོ་གྲོན་ཡོངས་རྫོགས་ཌེ་ཎི་ཌ་ (DANIDA) རོགས་ཚོགས་ནས་མཐུན་འགྱུར་གནང་ཡོད་པ་བཅས།།