༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༡༨ ནས་ ༢༢ བར་ཉིན་ལྔའི་རིང་ཤེས་རིག་ཚོགས་ཁང་དུ་གཞི་རིམ་སློབ་གྲྭའི་ཚན་རིག་ཐ་སྙད་གཏན་འབེབས་ཚོགས་འདུ་བསྐོང་འཚོགས་གནང་ཡོད།
དེ་ཡང་ཚོགས་འདུ་དེར་ཤེས་ཡོན་ལྷན་ཚོགས་ཀྱི་སློབ་དེབ་ཚན་པའི་འགན་འཁུར་བ་དགེ་འདུན་དོན་ཡོད་ལགས་དང་། ཤེས་རིག་ལས་ཁུངས་ཀྱི་ཚན་རིག་ཤེས་ཡོན་འགན་འཛིན་རྡོ་རྗེ་དབང་འདུས་ལགས། ཚན་རིག་སློབ་དེབ་རྩོམ་སྒྲིག་པ་ལྕགས་ཐར་འབུམ་ལགས། བརྡ་ཆད་ཚན་པའི་ལས་བྱེད་དབུ་མ་འཕྲིན་ལས་ལགས། སཾ་བྷོ་ཊ་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་ཨིན་དགེ་བསྟན་འཛིན་ཆོས་སྒྲོན་ལགས། སུ་ཇཱ་བོད་ཁྱིམ་སློབ་གྲྭའི་ཚན་རིག་དགེ་རྒན་ཉི་མ་ཚེ་རིང་ལགས། དྷ་སྟེང་བོད་ཁྱིམ་སློབ་གྲྭའི་ཚན་རིག་དགེ་རྒན་བསྟན་འཛིན་དངོས་གྲུབ་ལགས་དང་ལྷུན་གྲུབ་རྣམ་རྒྱལ་ལགས་བཅས་ཚོགས་ཞུགས་གནང་ཡོད།
ཉིན་ལྔའི་གཏན་འབེབས་ཚོགས་འདུའི་ནང་ཐ་སྙད་གྲངས་ ༢༠༠ ལྷག་ཙམ་གཏན་འབེབས་གྲུབ་ཅིང་། དེའི་ཁྲོད་བརྡ་ཆད་གཏན་འབེབས་ཚན་པས་གཏན་ལ་ཕབ་ཟིན་པའི་ཚན་རིག་གི་ཐ་སྙད་ཁག་ཅིག་ལ་ཞིབ་དཔྱད་ཀྱིས་ལེགས་བཅོས་དགོས་རིགས་ལ་དགོངས་འཆར་ཕུལ་ཡོད།
གཏན་འབེབས་ཟིན་པའི་ཚན་རིག་གི་ཐ་སྙད་དེ་དག་དཔེ་རིས་ཅན་གྱི་ཚིག་མཛོད་ལག་དེབ་ཅིག་པར་སྐྲུན་གྱིས་སློབ་གྲྭ་ཁག་ཏུ་འགྲེམས་སྤེལ་ཞུ་རྒྱུ་ཡིན་པ་དང་། ལས་གཞི་འདིའི་འགྲོ་གྲོན་ཡོངས་རྫོགས་ཌེ་ཎི་ཌ་ ༼DANIDA༽ རོགས་ཚོགས་ནས་མཐུན་འགྱུར་གནང་ཡོད། །