༄༅། །བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པས་ཕྱི་ལོ་ ༢༠༢༣ ཟླ་བ་ ༤ ཚེས་ ༡༧ ནས་ ༡༨ བར་ཉིན་གྲངས་གཉིས་རིང་བོད་མིའི་སྒྲིག་འཛུགས་ཀྱི་ལས་གཞི་འཆར་འགོད་པ་རྣམས་ལ་ཕོ་མོ་ཐུན་མོང་གི་ཁེ་ཕན་དང་བདེ་སྡུག་སྐོར་གྱི་ཟབ་སྦྱོང་ཞིག་གོ་སྒྲིག་གནང་ཡོད་པ་དང་། ཟབ་སྦྱོང་གི་དམིགས་ཡུལ་གཙོ་བོ་ནི། བོད་མིའི་སྒྲིག་འཛུགས་ཀྱི་ལས་གཞི་འཆར་འགོད་པ་རྣམས་ཀྱིས་ཕོ་མོ་ཐུན་མོང་གི་ཁེ་ཕན་ཆེད་དུ་ཕྱོགས་ལྷུང་མེད་པའི་ལས་གཞི་སྤེལ་བར་གོ་རྟོགས་དང་ནུས་རྩལ་མཐོར་འདེགས་གཏོང་ཐབས་སུ་དམིགས་པ་ཞིག་ཡིན།
རྒྱ་གར་གྱི་ཏེ་ལངྒཱ་ནཱ་མངའ་སྡེའི་རྒྱལ་ས་ཧཻ་ད་རཱ་བཱད་དུ་རྟེན་གཞི་བྱས་པའི་ཕོ་མོ་འདྲ་མཉམ་ཚོགས་པའི་ (Gender@Work) སུ་དར་སཱ་ན་ཀུན་དུ་ (Sudarsana Kundu) ལགས་དང་ཇྱོཏ་ས་ནཱ་སི་ངྷར་ཐི་ (Jyostna Siddarth) ལགས་ཀྱིས་ཟབ་སྦྱོང་གནང་ཞིང་། ཟབ་སྦྱོང་གི་འགྲོ་གྲོན་ཨ་རིའི་རོགས་ཚོགས་ (USAID) ནས་བཏང་གནང་ཡོད་པ་བཅས།།