༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་བསྟན་འཛིན་བསྟན་སྐྱོང་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༣ ཟླ་བ་ ༠༤ ཚེས་ ༢༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཐེངས་དང་པོའི་ཉིན་གཉིས་པའི་ཚོགས་མགོན་དུ་ཆིབས་སྒྱུར་གྱིས་བཀའ་སློབ་བཀའ་དྲིན་སྩལ་གནང་ཡོད་པ་རེད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཙམ་ལ་མགོན་པོ་གང་ཉིད་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་མེར་རིའོ་ཊི་གསོལ་མགྲོན་ཁང་ (J W Marriott) ནས་ཆིབས་འཁོར་བརྒྱུད་ཨ་ཤོ་ཀ་གསོལ་མགྲོན་ཁང་གི་ཚོགས་ཁང་ཆེན་མོར་ཆིབས་སྒྱུར་གྱིས་བཞུགས་སྟེགས་སྟེང་འཁོད་མཚམས་བཀའ་སློབ་སྩལ་དོན། རྟེན་འབྱུང་གི་དེ་ཁོ་ན་ཉིད་གསལ་བར་མཛད་པའི་སངས་རྒྱས་བཅོམ་ལྡན་འདས་ཞེས་གསུངས་པ་ལྟར་འཛམ་གླིང་འདིའི་སྒང་ལ་སྟོན་པ་མང་པོ་ཡོད། འོན་ཀྱང་ཉོན་མོངས་སྐྱེ་བར་བྱེད་མཁན་སེམས་ཀྱི་ངར་འཛིན་དེ་ལ་ཁ་གཏད་གཅོག་མཁན་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་རྟེན་འབྱུང་གི་གཏན་ཚིགས་དེ་རེད། ང་ཚོའི་འགྲེལ་བ་ཚོའི་ནང་ཐོན་པ་ལྟར། རྟེན་ཞེས་ཆོས་ཉིད་མི་འདོར་ལ། །འབྱུང་ཞེས་འཇིག་རྟེན་ཚུལ་ཡང་སྟོན། །རིགས་ཚུལ་ཀུན་ལས་རྒྱལ་པོ་བཞིན། །རྟེན་ཅིང་འབྲེལ་འབྱུང་ཚད་མའི་བཀའ། །ཞེས་རྟེན་འབྱུང་ཞེས་པའི་ཚིག་གཉིས་ཀྱི་རྟེན་ཞེས་པ་གཞན་ལ་རག་ལུས་པའམ། གཞན་ལ་རག་མ་ལུས་པར་རང་དབང་གིས་གྲུབ་པ་གང་ཡང་མེད་པ་ཞེས་པའི་དོན་དང་། འབྱུང་ཞེས་པས་གཞན་ལ་རྟེན་ནས་བཏགས་པ་ཙམ་མ་གཏོགས་ཕན་གནོད་འདྲེན་མཁན་མེད་པའང་མ་རེད་ཅེས་པའི་དོན་ཡིན་པས། འབྱུང་ཞེས་པས་རྒྱུ་འབྲས་རྟེན་འབྲེལ་ལ་སོགས་པ་ང་ཚོའི་མཐོང་ཆོས་ཀྱི་ཉམས་མྱོང་དེ་དག་རྒྱུ་རྐྱེན་ལ་བརྟེན་ནས་ཡོང་གི་ཡོད་པ་དེ་དག་རྟོགས་པས་བཏགས་ཙམ་མ་གཏོགས་ཕན་གནོད་མེད་མཁན་ཞིག་མ་རེད།ང་ཚོའི་བསམ་བློའི་འགྲོ་སྟངས་ཀྱི་ཐོག་ནས་ང་ཞེས་ཧ་ཅང་རྩ་ཆེན་པོ་རྩི་དུས་དེ་དང་འབྲེལ་ནས་གཉེན་གྱི་ཕྱོགས་ལ་ཆགས་སེམས་སྐྱེ་ཞིང་། ང་ལ་ཕྲན་བུ་མ་འགྲིག་པ་བཟོ་མཁན་དེར་དགྲ་བོའི་འདུ་ཤེས་བཞག་ནས་སེམས་ནས་སྡང་སེམས་བཟུང་སྟེ་ཆགས་སྡང་གཉིས་ཡོང་གི་ཡོད་པ་དེ་གཙོ་བོ་ངར་འཛིན་པའི་བློ་དེས་ཡོང་གི་ཡོད། དེས་ན་དཔལ་ལྡན་ཟླ་བ་གྲགས་པས་དབུ་མ་འཇུག་པའི་མཆོད་བརྗོད་དུ། གང་ཕྱིར་བརྩེ་ཉིད་རྒྱལ་བའི་ལོ་ཏོག་ཕུན་ཚོགས་འདིའི། །ས་བོན་དང་ནི་སྤེལ་ལ་ཆུ་འདྲ་ཡུན་རིང་དུ། །ལོངས་སྤྱོད་གནས་ལ་སྨིན་པ་ལྟ་བུར་འདོད་གྱུར་པ། །དེ་ཕྱིར་བདག་གིས་ཐོག་མར་སྙིང་རྗེ་བསྟོད་པར་བགྱི། །ཞེས་གསུངས་པ་ལྟར་སེམས་ཆགས་སྡང་གཉིས་ཀྱིས་རྙོག་གྲ་ཚང་མ་བཟོ་གི་ཡོད་དུས། ཀུན་ལ་ཕན་པའི་སེམས་པ་དང་། ཀུན་སྡུག་བསྔལ་དང་བྲལ་ཞིང་བདེ་བ་ལྡན་ན་བསམ་པའི་བརྩེ་བའི་བློ་དེ་ཧ་ཅང་རྩ་ཆེན་པོ་རེད། དཔལ་ལྡན་ཟླ་བ་གྲགས་པས་དབུ་མ་འཇུག་པ་རྩོམ་པའི་སྐབས་མཆོད་བརྗོད་ཀྱི་ཡུལ་གཞན་མ་གསུངས་པར་སྙིང་རྗེ་གཙོ་བོ་གསུངས་པ་དེ་སངས་རྒྱས་པའི་ཆོས་ཀྱི་ཐོག་མར་དགེ་བ། བར་དུ་དགེ་བ། མཐའ་མར་དགེ་བ་སྙིང་རྗེ་དེ་ཧ་ཅང་རྩ་ཆེན་པོ་རེད་འདུག །དེ་འདྲ་ཡིན་དུས། སྲིད་པའི་ས་བོན་རྣམ་ཤེས་དེ། །ཡུལ་རྣམ་དེ་ཡི་སྤྱོད་ཡུལ་ལོ། །ཡུལ་ལ་བདག་མེད་མཐོང་ན་ནི། །སྲིད་པའི་ས་བོན་དགག་པར་འགྱུར། །ཞེས་གསུངས་པ་ལྟར་རྣམ་པར་ཤེས་པས་ཆོས་གང་ཞིག་སྣང་ཡང་དོན་གྱི་ངོས་ནས་ཡོད་པ་ཞིག་སྣང་། སྣང་བ་ལྟར་དུ་དོན་གྱི་ངོས་ནས་ཡོད་པ་ཞིག་ལ་འཛིན་མཁན་གྱི་བློ་དེས་ཆགས་སྡང་གི་བློ་དེ་དག་སྐྱེ་གི་ཡོད་པས་སྣང་སྲིད་ཀྱི་ཆོས་མཐའ་དག་དོན་གྱི་ངོས་ནས་ཡོད་པ་ཞིག་སྣང་གི་ཡོད་ཀྱང་། སྣང་བ་ལྟར་དུ་གྲུབ་པ་གཏན་ནས་མེད་བསམ་པའི་ཐག་ཆོད་པའི་བློ་ཞིག་སླེབས་དུས། ཡུལ་སྟེང་ནས་ཡོད་པ་ཞིག་བློ་ལ་ཤར་བ་དེ་མི་འདུག་བསམ་པ་ཞིག་སེམས་གཏིང་ནས་ཁོ་ཐག་ཆོད་པ་ཞིག་བསམ་བློ་གཏོང་དགོས་རྒྱུ་དེ་གལ་ཆེན་པོ་རེད། ང་ཚོར་རེ་བ་སྦྱིན་མཁན་གཙོ་བོ། སྲིད་པ་ངོ་བོ་ཉིད་ཀྱི་དག །ངོ་བོ་ཉིད་ཀྱི་སྲིད་བྲལ་བྱས། །ཞེས་པ་དེ་རེད་འདུག སྣང་ཞིང་སྲིད་པའི་ཆོས་མཐའ་དག་རྣམ་བདུན་གྱི་རིགས་པ་དང་རྣམ་ལྔའི་རིགས་པ། གཅིག་དུ་བྲལ་གྱི་རིགས་པ་སོགས་ཀྱིས་བཙལ་ཡོང་དུས་ངོ་བོ་འདི་རེད་ཅེས་ང་ཚོར་དོན་གྱི་ངོས་ནས་ཡོད་པ་ཞིག་སྣང་བ་ནང་བཞིན་གཏན་ནས་མེད་པ་ཞིག་ཐག་ཆོད་ཀྱི་འདུག ངོ་བོ་ཉིད་ཀྱིས་སྟོང་པའི་གནས་ཚུལ་དེ་ལ་ང་ཚོས་ཕྱིན་ཅི་ལོག་ཏུ་རྟོགས་ནས་ཆགས་སྡང་གཏི་མུག་བདེན་འཛིན་གྱི་བློ་སླེབས་ཀྱི་ཡོད་པས། སྲིད་པ་ངོ་བོ་ཉིད་ཀྱིས་སྟོང་ཚུལ་ལ་བསམ་བློ་ཡག་པོ་གཏོང་ཐུབ་ན། ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས་ཞེས་གསུངས་པ་ལྟར་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་དོན་གྱི་ངོས་ནས་གྲུབ་པ་གཏན་ནས་མེད་པ་ཞིག་ཐག་ཆོད་པའི་བསམ་བློ་ཞིག་སླེབས་ཐུབ།དེར་བརྟེན་སྟོང་ཉིད་ཀྱི་ལྟ་བར་བསམ་བློ་བཏང་ནས་སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱི་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་ལྡན་པའི། །སྲིད་པ་དམ་པ་བྱེད་པར་འགྱུར། །ཞེས་ཕྱོགས་གཅིག་ནས་ཟླ་བ་གྲགས་པའི་དབུ་མ་འཇུག་པའི་ལུང་ཞུས་པ་ལྟར་བརྩེ་བ་སྙིང་རྗེ་ཆེན་པོ་དེ་ཐོག་མཐའ་བར་གསུམ་དུ་གལ་ཆེ་བ་བཤད། ད་ལྟའི་ཚིགས་བཅད་དེས་ཆོས་རྣམས་བདེན་གྲུབ་ཏུ་སྣང་ཞིང་སྣང་བ་ལྟར་དུ་འཛིན་པའི་བློ་དེ་སྣང་བ་ལྟར་དུ་དོན་སྟེང་ནས་གྲུབ་པ་གཏན་ནས་མེད་པའི་བསམ་བློ་འཁོར་དུས་བདེན་འཛིན་བག་ཆགས་དང་བཅས་པ་རིམ་པས་སྤངས་ཏེ་མྱང་འདས་ཀྱི་གོ་འཕང་མངོན་དུ་བྱེད་ཐུབ། འདིས་སེམས་ལ་ཧ་ཅང་རེ་བ་སྦྱིན་གྱི་འདུག སྡུག་བསྔལ་ལ་བསམ་བློ་བཏང་ནས་ཡིད་མུག་ནས་མ་བསྡད་པར་སྡུག་བསྔལ་གྱི་རྩ་བ་བདེན་འཛིན་གྱིས་བྱེད་ཀྱི་ཡོད་པ་དང་། བདེན་འཛིན་ཞེས་པ་ཞེན་ཡུལ་དུ་འཁྲུལ་བའི་ལོག་ཤེས་ཡིན་ཞིང་། དེའང་ཇི་ལྟར་སྣང་བ་ལྟར་དུ་དོན་གྱི་ངོས་ནས་གྲུབ་པ་མེད་པ་ཁོ་ཐག་ཆོད་པ་ཞིག་བྱུང་ན། ཆོས་རྣམས་ཐམས་ཅད་བདེན་པར་སྣང་ཞིང་སྣང་བ་ལྟར་དུ་བདེན་པར་འཛིན་པའི་འཛིན་པ་དེ་རིམ་པས་ཤུགས་ཆུང་དུ་འགྲོ་གི་རེད། ངོས་རང་ལ་ཆ་བཞག་ནའང་ཉམས་ལེན་ཆེན་པོ་ཡོང་གི་མི་འདུག་སྟེ། འོན་ཀྱང་ཐབས་ཀྱི་ཆ་ནས་བྱང་ཆུབ་ཀྱི་སེམས་དང་ཤེས་རབ་ཀྱི་ཆ་ནས་སྟོང་ཉིད་ཀྱི་ཆ་དེ་ཉིན་རེ་བཞིན་དུ་ནན་ཏན་བྱས་ཏེ་བསམ་བློ་གཏོང་གི་ཡོད། ལོ་ངོ་ཉི་ཤུ་སུམ་ཅུ་བསམ་བློ་བཏང་བ་རེད། ཉིན་ལྟར་བསམ་བློ་བཏང་བ་དེས་སེམས་ལ་འགྱུར་བ་ཆེན་པོ་འགྲོ་གི་འདུགདབུ་མ་འཇུག་པའི་ནང་། དེ་ལྟར་བློ་གྲོས་ཟེར་གྱིས་སྣང་བ་གསལ་བྱས་པའི། །རང་གི་ལག་ན་གནས་པའི་སྐྱུ་རུ་ར་བཞིན་དུ། །སྲིད་གསུམ་འདི་དག་མ་ལུས་གདོད་ནས་སྐྱེ་མེད་པར། །རྟོགས་ཏེ་ཐ་སྙད་བདེན་པའི་སྟོབས་ཀྱིས་འགོག་པར་འགྲོ། །ཞེས་གསུངས་པ་ལྟར་ཞི་གནས་འཇོག་སྒོམ་དེ་ད་ལྟ་ཞེ་དྲག་རང་ཡོང་གི་མི་འདུག གཞན་སྦྱོར་ལམ་འཐོབ་རྒྱུའི་རེ་བ་ཏན་ཏན་ཡོང་གི་འདུག དེ་རྗེས་མུ་མཐུད་ནས། རྟག་ཏུ་འགོག་པར་གཏོགས་པའི་སེམས་ལྡན་ཡིན་མོད་ཀྱི། །འགྲོ་བ་མགོན་མེད་པ་ལ་སྙིང་རྗེའང་སྐྱེད་པར་བྱེད། །དེ་གོང་བདེ་གཤེགས་གསུང་སྐྱེས་སངས་རྒྱས་འབྲིང་བཅས་ནི། །མ་ལུས་པ་རྣམས་བློ་ཡིས་ཕམ་པར་བྱེད་པའང་ཡིན། །ཀུན་རྫོབ་དེ་ཉིད་གཤོག་ཡངས་དཀར་པོ་རྒྱས་གྱུར་པ། །ངང་པའི་རྒྱལ་པོ་དེ་ནི་སྐྱེ་བོའི་ངང་པ་ཡི། །བདུན་དུ་བདར་ནས་དགེ་བའི་རླུང་གི་ཤུགས་སྟོབས་ཀྱིས། །རྒྱལ་བའི་ཡོན་ཏན་རྒྱ་མཚོའི་ཕ་རོལ་མཆོག་ཏུ་འགྲོ། །ཞེས་གསུངས་པ་དེ་ཧ་ཅང་སོས་པ་ཞིག་འདུག ངོས་རང་ལ་དཔེ་བཞག་ན། ལོ་བརྒྱད་ཅུ་ནང་ལ་སླེབས་ཡོད་ཀྱང་ད་ལྟ་ཉིན་རེ་བཞིན་དུ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་བསམ་བློ་གཏོང་དུས་རེ་བ་ཞིག་སླེབས་ཀྱི་འདུག ཚེ་འདི་ལ་མཐོང་ལམ་ཁག་པོ་ཡིན་འགྲོ སྦྱོར་ལམ་ཐོབ་ཀྱི་རེད་བསམ་པའི་བློ་ལ་ཚོད་དཔག་ཐེབས་ཀྱི་འདུགངོས་ཀྱིས་ཆུང་དུས་ནས་ལྷའི་རྣལ་འབྱོར་འཇིག་བྱེད་ལྟ་བུ་སྒོམ་གྱི་ཡོད། སེམས་ལ་ངོ་ཐོག་འགྱུར་བ་གཏོང་མཁན་དེ་བཤད་མ་ཐག་པའི་སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་དེ་རེད་འདུག ཁྱེད་རང་ཚོ་ཆོས་གྲོགས་རྣམ་པ་ཚོས་ཀྱང་སྒོམ་བརྒྱབ། བསམ་བློ་བཏང་ནས་རིམ་པས་སེམས་མ་རུང་བ་དེ་ཞི་ཞིང་དུལ་བ་ཆགས། ཟབ་མོ་དེ་ཁོ་ན་ཉིད་ཀྱི་དོན་ལ་བློ་ཇེ་ཉེར་འགྲོ་ཐུབ་པར་བྱ་དགོས། ངོས་ཀྱིས་ལོ་ངོ་དེ་དག་གི་རིང་སྒོམ་འགའ་རབ་བརྒྱབ་ཡོད། ཁྱེད་རང་ཚོས་ཀྱང་དེ་ལྟར་ཟབ་པ་དང་རྒྱ་ཆེ་བའི་ཆོས་ལ་ཉིན་རེ་བཞིན་དུ་བསམ་བློ་བཏང་ནས་ཕྱིན་ན་འགྱུར་བ་ཏན་ཏན་འགྲོ་གི་རེད། ཁྱེད་ཚོས་དཔྱད་འཇོག་ཟུང་འབྲེལ་ཐོག་ནས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་རྒྱུར་ཚང་མས་ཤུགས་སྐྱོན་ནས་ཧུར་ཐག་གནང་ཤོག་ཨང་།
ནམ་རྒྱུན་དགོན་པ་གྲྭ་ཚང་ཚོས་སྦུག་དཀྲོལ། རྔ་རྡུང་། དུང་འབུད། རྐང་གླིང་བཏང་བ་སོགས་ཀྱིས་རྣ་བ་ཚ་ཚ་བྱེད་ཀྱི་ཡོད་པ་རེད། སྒོམ་རྒྱག་རྒྱུའི་ཐད་བསམ་བློ་གཏོང་རྒྱུར་འཐུས་ཤོར་ཏན་ཏན་འགྲོ་གི་ཡོད་པའི་བཟོ་ཞིག་འདུག གང་ལྟར་རྔ་རྡུང་སྦུག་དཀྲོལ་གྱི་འཕྱོར་ཆེན་པོ་ཞིག་བྱེད་པ་དེ་དགོས་ཀྱི་རེད། སྔགས་པ་གྲྭ་ཚང་དེ་ཚོ་དགོས་ཀྱི་རེད། འོན་ཀྱང་གཙོ་བོ་ཉིན་རེ་བཞིན་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་བསམ་བློ་གཏོང་རྒྱུར་ཚང་མས་ཤུགས་རྒྱབ་སྟེ་ཧུར་ཐག་གནང་ཤོག་ཨང་། དེ་ཡང་ཁ་ནས་བཤད་པ་གཅིག་པུ་མིན། ངོས་ཀྱི་ཉམས་མྱོང་གི་སྟེང་ནས་བསམ་བློ་བཏང་། རྩེ་གཅིག་པའི་སྒོམ་ག་ཚོད་ཐུབ་ཐུབ་ཅིག་བརྒྱབ་ཡོང་དུས། དངོས་གནས་དྲང་གནས་ཁ་ཡོད་ལག་ཡོད་ཀྱི་འགྱུར་བ་ཐེབས་པ་ཞིག་ཡོང་གི་འདུག རྔ་རྡུང་། སྦུག་དཀྲོལ་ག་ཚོད་བྱས་ནའང་། སེམས་ལ་དེ་ཙམ་འགྱུར་བ་ཐེབས་ཁག་པོ་རེད། ངོས་ཀྱི་ཉམས་མྱོང་གི་སྟེང་ནས་བསམ་བློ་བཏང་བ་ཡིན་ན། དེ་དག་སོས་པ་ནང་བཞིན་ཆགས་ཡོང་གི་འདུག ཚིག་ཙམ་མ་ཡིན་པ་དངོས་གནས་དྲང་གནས་སོས་པ་ནང་བཞིན་ཆགས་ཡོང་དུས། ཆོས་གྲོགས་ཚང་མས་དཔྱད་འཇོག་ཟུང་འབྲེལ་གྱི་ཐོག་ནས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་ག་ཚོད་ཐུབ་ཐུབ་བསམ་བློ་བཏང་ཤོག་ཨང་ཞེས་ཞུ་རྒྱུ་ཡིན། དེ་ནི་ངོས་ཀྱི་ཆོས་ཀྱི་ལག་སྐྱེས་ཡིན། དེ་ཚང་མས་དགོངས་པར་ཆོངས། ཧུར་ཐག་གནང་ཤོག ང་ཚོ་བོད་པའི་གནས་སྟངས་ལ་ཧོབ་དེ་བལྟས་ན་གནས་ཚུལ་སྐྱོ་བོ་ཞིག་ཆགས་ཡོད། འོན་ཀྱང་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ཕྲན་བུ་ཡོད་པའི་ཐོག་རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་སྒྱུར་ཤེས་མཁན་ཞིག་ཡོད་ན། ཇི་ཙམ་རྐྱེན་ངན་མང་བ་བྱུང་བའི་ཚོད་ཀྱིས་སེམས་ལ་བློ་སྐྱེད་ཡོང་རྒྱུ་དང་། རྣམ་མཁྱེན་བསྒྲུབ་རྒྱུའི་རྒྱུ་ལ་ཇེ་ཉེ་འགྲོ་རྒྱུ་ཡོང་། དེས་ན། ཚང་མས་བསམ་བློ་གཏོང་སྟངས་ཀྱི་ཐོག་ནས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་ཤུགས་བརྒྱབ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་སྒྱུར་ཤེས་ན་ང་ཚོའི་དཀའ་ངལ་ཚང་མ་སེལ་ཐུབ། ངོས་རང་ལ་ཆ་བཞག་ན་མདོ་སྨད་ས་མཐར་སྐྱེས་པའི་མི་ཞིག་ཆགས་ཡོད། ཆུང་དུས་ནས་ལྷ་སར་སླེབས་ཏེ་གཞུང་དེ་དག་ལ་སློབ་གཉེར་བྱས། བཙན་བྱོལ་དུ་སླེབས་པའི་རྗེས་སུའང་གཞུང་དེ་དག་ལ་བསམ་བློ་ཧ་ཅང་བཏང་ཡོད། བློ་ལ་ཧ་ཅང་ཕན་པོ་ཡོད་པ་མིག་མཐོང་ལག་ཟིན་བྱུང་། བློ་སྦྱངས་ཞེས་པའི་རྒྱུ་མཚན་དེ་སོ་སོའི་ཁེ་ཕན་ཡག་ཤོས་དེ་བློ་སྦྱངས་པའི་ཐོག་ནས་ཡོང་གི་ཡོད་པས་ཡིན། ཚང་མས་ཧུར་ཐག་གནང་རོགས་གནང་ཞུ་རྒྱུ་ཡིན། དེ་རིང་འདིར་སངས་རྒྱས་པའི་ཆོས་ཀྱི་སྐོར་ཚོགས་ཀྱི་ཡོད་པ་རེད། སྤྱིར་ཆོས་ལུགས་ཚང་མ་མི་ལ་ཕན་ཐོགས་ཡོད་པ་ཧ་ཅང་ཡག་པོ་རེད། འོན་ཀྱང་སེམས་དཔྱད་འཇོག་ཟུང་སྦྲེལ་ཐོག་ནས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཚུལ་ལ་བསམ་བློ་གཏོང་རྒྱུ་ཡོད་པ་དེ་ནང་པའི་ཆོས་ཀྱི་ཁྱད་ཆོས་ཆགས་འདུག འདི་ལྟ་བུའི་ཆོས་ཚུལ་འདི་ང་ཚོའི་ཕ་མེས་ནས་བརྒྱུད་པའི་ཆོས་ཚུལ་ཆགས་ཀྱི་ཡོད། དེ་རིན་ཐང་ཅན་ཞིག་ཡིན་པ་ངོ་ཤེས་པའི་ཐོག་ཅི་ཐུབ་ཀྱིས་ཉམས་ལེན་བྱས་ཏེ་ཤུགས་སྒྲིལ་ན། འཛམ་གླིང་སྒང་ལ་ཆོས་ལུགས་མེད་པའང་ཡོད་པ་རེད། ཆོས་ལུགས་འདྲ་མིན་ཡོད་པ་དེ་དག་གི་མིག་སྔར་སངས་རྒྱས་པའི་ཆོས་ཉམས་ལེན་བྱེད་མཁན་དེ་དག་ཁ་ཡོད་ལག་ཡོད་ཀྱིས་གྲུབ་འབྲས་འགའ་རབ་མཐོང་རྒྱུ་འདུག་བསམ་པ་བྱུང་ན་བསྟན་པའི་ཞབས་འདེགས་སྒྲུབ་པ་རེད། སྟོན་པའི་བཀའ་དྲིན་གཟོས་པ་རེད། དེ་ལ་ཚང་མས་དགོངས་པ་བཞེས་ཏེ་ཧུར་ཐག་གནང་ཤོག་ཨང་། ཞེས་བཀའ་སྩལ་ཡོད་པ་རེད།
སྤྱིར་རྒྱ་གར་དབུས་གཞུང་རིག་གཞུང་ལྷན་ཁང་དང་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཟུང་སྦྲེལ་གྱིས་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཚོགས་འདུའི་ཆ་ཤས་སུ་གོ་སྒྲིག་ཞུས་པའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཐེངས་དང་པོའི་ཐོག་འཛམ་གླིང་རྒྱལ་ཁབ་གསུམ་བཅུ་ཙམ་ནས་ནང་པའི་བླ་ཆེན་དང་། གསུང་བཤད་པ། གཞུང་ཚབ་ཆེན་མོ་སོགས་ཚོགས་བཅར་བ་དྲུག་བརྒྱ་ལྷག་མཉམ་ཞུགས་ཀྱིས་ནང་པའི་ཆོས་ཐོག་ནས་དེང་རབས་ཀྱི་དཀའ་ངལ་ལ་གདོང་ལེན་བྱེད་ཕྱོགས་ཇི་དགེའི་ཐོག་བགྲོ་གླེང་དང་བཀའ་བསྡུར་གནང་གི་ཡོད་པ་བཅས།།