༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༤ ཚེས་ ༡༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ལྷོ་ཨེ་ཤི་ཡའི་ཕྱི་རྒྱལ་གསར་འགོད་ལྷན་ཚོགས་ཀྱི་མགྲོན་འབོད་ལྟར་རྒྱ་གར་དང་། རྒྱ་ནག བོད་ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་སྐབས་ཉེ་ལམ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་བྱིས་པ་ཞིག་ལ་མཇལ་ཁ་གནང་བའི་གནད་དོན་ལོག་འགྲེལ་བྱེད་བཞིན་པར་ལན་འདེབས་གསལ་བཤད་གནང་ཡོད།
དེ་ཡང་གོང་ཚེས་ཉིན་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལྡི་ལིར་གནས་འཁོད་ལྷོ་ཨེ་ཤི་ཡའི་ཕྱི་རྒྱལ་གསར་འགོད་ལྷན་ཚོགས་ཀྱི་ཚོགས་ཁང་དུ་གསུང་བཤད་གནང་སྐབས་གསར་འགོད་པ་ཞིག་ནས་ཉེ་ལམ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་བྱིས་པ་ཞིག་ལ་མཇལ་ཁ་གནང་བའི་གནད་དོན་འཛམ་གླིང་ཁྱོན་ཡོངས་ལ་ཁྱབ་སྤེལ་ཕྱིན་ཏེ་མགོན་པོ་གང་ཉིད་མཆོག་ལ་མཚན་སྨད་ཞུ་མཁན་བྱུང་བར་གསལ་བཤད་ཇི་ཡོད་བཀའ་འདྲི་ཞུས་པར་དཔལ་ལྡན་སྲིད་སྐྱོང་མཆོག་གིས། ཐེངས་འདིའི་དོན་རྐྱེན་ལ་བརྟེན་ནས་ཕོག་ཐུག་ཤོར་ཡུལ་ངོ་མ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆགས་ཡོད་ཅེས་གསུངས།
དེ་ཡང་ཁོང་གིས་ལན་འདེབས་གསལ་བཤད་གནང་སྐབས་དོན་རྐྱེན་འདིའི་ནང་ཕོག་ཐུག་བྱུང་ས་ངོ་མ་སུ་རེད་ཅེས་འདྲི་འདོད་བྱུང་། ཁ་ཤས་ཀྱིས་གནོད་འཚེ་ཕོག་མཁན་བྱིས་པ་དེ་རེད་ཟེར་ལ། རེ་ཟུང་གིས་ཕྲུ་གུའི་ཕ་མ་རེད་ཟེར། འོན་ཀྱང་ངས་ཤེས་རྟོགས་བྱུང་བར་བྱིས་པ་དེར་དཀའ་ངལ་གང་ཡང་མི་འདུག ཁོས་མཛད་སྒོ་གྲོལ་རྗེས་གསར་འགོད་པར་སྐད་ཆ་ཡག་པོ་བཤད་འདུག དེ་བཞིན་ཁོའི་ཨ་མ་ལའང་དཀའ་ངལ་གང་ཡང་མི་འདུག ཨ་མས་ཀྱང་མཛད་སྒོ་གྲོལ་རྗེས་སྐད་ཆ་ཡག་པོ་བཤད་འདུག དེ་མ་ཟད་མཛད་སྒོ་དེར་ཡོད་པའི་ཕྲུ་གུ་ ༡༢༠ རྣམས་ལ་དཀའ་ངལ་གང་ཡང་མི་འདུག ངས་གསར་འགོད་པའི་བཅར་འདྲི་ཚང་མར་བལྟས་པ་ཡིན། སྐབས་དེར་དཀའ་ངལ་ཅི་ཡང་མི་འདུག སྐད་ཆ་དེ་དག་སྤྱི་ཚོགས་དྲྭ་ལམ་ཁག་གི་ནང་ཐོན་ཡོད།
ད་དོན་ངོ་མ་ཞུས་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་ ༨༧ ཡིན་ལ། ད་ཆ་དགུང་གྲངས་ ༨༨ ཕེབས་ལ་ཉེ། ཁྱེད་ཚོས་དགུང་ལོ་ ༨༨ ཕེབས་ལ་ཉེ་བའི་བགྲེས་སོང་ཞིག་ལ་དེ་ལྟ་བུའི་སྐུར་འདེབས་ཞུ་རྒྱུ་ཡིན་ནམ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚོན་ན། སྐུ་ཚེ་ཧྲིལ་པོར་སྡོམ་ཁྲིམས་གཙང་མ་བསྲུངས་ནས་བཞུགས་ཡོད་ལ། ལོ་མང་རིང་ཆོས་ཀྱི་ཉམས་བཞེས་གཙང་མ་གནང་ཡོད་སྟབས། ཁོང་ནི་སྒོ་ལྔའི་འདོད་ཆགས་ལས་གྲོལ་ཡོད་པ་མ་ཟད། རྒྱུན་དུ་ཁོང་གིས་སྒོ་ལྔའི་འདོད་ཞེན་ནི་གནས་སྐབས་ཙམ་ཡིན་པ་དང་། རང་ཉིད་འཁོར་བ་ལས་གྲོལ་དགོས་ན་དེ་ལས་གཏིང་ཟབ་པར་འཛུལ་དགོས་པའི་བཀའ་གནང་གི་ཡོད་པ་རེད། དེ་ལྟ་བུའི་ཆོས་འབྲེལ་གནང་མཁན་ཞིག་ལ་ལུས་ཀྱི་རེག་བྱ་ཞིག་གི་ཤུགས་རྐྱེན་ཐེབས་ཀྱི་རེད་བསམ་གྱི་འདུག་གམ། ཁོང་ནི་དེ་ལས་བརྒལ་བ་ཞིག་རེད། དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་སྒེར་གྱི་དྲང་ཚུགས་རང་བཞིན་ལ་འདས་པའི་མི་ལོ་ ༨༧ རིང་དོགས་པ་ཐེ་ཚོམ་གཏན་ནས་མེད། དེས་ན་མི་ཚོས་དོན་རྐྱེན་ཞིག་ལ་བརྟེན་ནས་ཇི་ལྟར་ཐག་གཅོད་བྱེད་ཐུབ་བམ། དེའང་གནད་དོན་ཆ་ཚང་བ་མ་རྟོགས་པར་ཐག་གཅོད་བྱེད་ཀྱི་ཡོད། ད་དུང་ཁོང་གིས་སྐུ་ཚེ་ཧྲིལ་པོར་སྐྱོན་གྱི་ཆ་མ་གོས་པའི་ཐོག་བྱམས་སྙིང་རྗེ་དང་། འཚེ་བ་མེད་པ། འགྲོ་བ་མི་རིགས་གཅིག་གྱུར་གྱི་དགོངས་པ་ཉམས་བཞེས་གནང་སྟེ་འཛམ་གླིང་ཁྱོན་ཡོངས་ལ་སྤེལ་གནང་ཡོད།
ཉེ་ལམ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བྱིས་པ་གཉིས་ཀྱི་མཇལ་འབྲེལ་གནད་དོན་ལ་ཆ་བཞག་ན། དེ་ཉིད་མི་མང་གི་མདུན་དུ་བྱུང་བ་ཞིག་ལས་གསང་བའི་གནས་སུ་བྱུང་མེད། གནད་དོན་དེ་ལ་ལྟ་སྟངས་དང་འགྲེལ་བཤད་གཞན་པ་བརྒྱབ་ཡོད། ངས་ཁོང་ཚོར་ཁག་དཀྲི་བྱེད་ཀྱི་མིན། མི་སོ་སོར་བསམ་ཚུལ་ཡོད་སྲིད་ལ། ཁོ་ཚོས་དེ་ལྟར་མཐོང་བ་རེད། གང་ཡིན་ཞེ་ན་བརྙན་ཐུང་དེ་དེའི་ཆེད་དུ་བཅད་བཏུབ་བྱས་པ་རེད། ད་ཆ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་སྣ་ཚོགས་ཤིག་ཞུ་ཡི་འདུག གཅིག་བྱས་ན་མཚན་སྨད་ཞུ་མཁན་རྣམས་ལ་སོ་སོའི་ལྟ་ཚུལ་རེ་ཡོད་སྲིད་པ་རེད། འོན་ཀྱང་ང་ཚོར་མཚོན་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་སྙིང་རྗེའི་རང་གཟུགས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཡིན་ལ། ཁོང་གི་བྱམས་པ་དང་སྙིང་རྗེ་ནི་འདི་ལས་ཚད་མཐོ་བ་རེད། གནད་དོན་འདིས་ང་ཚོའི་སེམས་སུ་ཕོག་ཐུག་ཆེན་པོ་བཏང་སོང་། སྐུ་མཁྱེན་བསམ་ཤེས་གནང་དང་། དངོས་དོན་མིན་པའི་འཁྱལ་གཏམ་འདིས་ང་ཚོར་ཕོག་ཐུག་ཆེན་པོ་བཟོས་སོང་། ཞེས་སོགས་དང་།
དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱུན་ལྡན་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་དབུ་ཁྲིད་མཚོན་པའི་མི་སྣ་སུ་ཞིག་མཇལ་ཡང་ཐུགས་བརྩེ་བ་ཆེན་པོའི་ངང་སྐུ་རྩེད་གནང་གི་ཡོད་པ་གསལ་བཤད་དང་སྦྲགས། སྐབས་དོན་རྒྱ་གར་གྱི་ཕྲུ་གུར་མཇལ་འབྲེལ་གནང་བ་དེ་ནི་སྤོ་བོའི་ཕྲུ་གུར་བྱམས་སྐྱོང་གནང་བའི་དཔེ་མཚོན་ཡིན་པ་དང་། མཇལ་འབྲེལ་རྗེས་སུ་དོ་བདག་ཕྲུ་གུ་དང་ཨ་མ་གཉིས་ནས་མགོན་པོ་མཆོག་མཇལ་རྒྱུ་བྱུང་བར་སྐལ་པ་བཟང་པོ་བྱུང་ཞེས་སོགས་གསར་འགོད་པར་བཤད་ཡོད་སྐོར་གསལ་བཤད་གནང་ཡོད་པ་རེད།
གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས། ད་ཆ་དོན་རྐྱེན་འདིའི་རྐྱེན་བྱས་ཏེ་ཕོག་ཐུག་ཤོར་ཡུལ་སུ་ཆགས་འདུག་གམ། ཨ་མ་དང་ཕྲུ་གུ་གཉིས་ནི་རེད་མི་འདུག ཁོང་ཚོས་མ་འདོད་པའི་རྣམ་འགྱུར་གང་ཡང་བསྟན་མེད། འདིར་ཕོག་ཐུག་ཤོར་ཡུལ་ངོ་མ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་ཆགས་ཡོད། འདི་ག་རེ་བྱས་ནས་བྱུང་བ་རེད་དམ། འདིར་ང་ལ་མཐའ་སྡོམ་གཉིས་ཡོད། དང་པོ་དེ་ང་ཚོས་ཉམས་ཞིབ་བྱས་པ་ལྟར་ན། བརྙན་ཐུང་ཐོག་མར་བསྐྱར་དུ་འགྲེམས་སྤེལ་བྱེད་མཁན་རྒྱ་ནག་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་གྲས་ཡིན་པ་ཤེས་རྟོགས་བྱུང་། ཁྱེད་རྣམ་པ་གསར་འགོད་པ་ཡིན་སྟབས་བརྙན་ཐུང་འདི་ཇི་ལྟར་བསྐྱར་དུ་འགྲེམས་སྤེལ་བྱས་པ་དང་། དེ་ཉིད་སུས་བེད་སྤྱོད་གཏོང་རྩིས་བྱེད་ཀྱི་ཡོད་པ་ཞིབ་འཇུག་གནང་རོགས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་དང་མཚན་སྙན་ལ་སྐུར་འདེབས་བྱས་པ་ལ་བརྟེན་ནས་སུ་ལ་ཁེ་ཕན་ཡོད་པ་གསལ་བཤད་བྱེད་མི་དགོས། མཚན་སྨད་ཞུ་རྒྱུའི་ལས་འགུལ་དེའི་ཁྱབ་ཚད་དང་ནུས་པ་ལ་བལྟས་ན། གནད་དོན་འདིའི་ཆབ་སྲིད་ཀྱི་ཕྱོགས་དེར་སྣང་ཆུང་གཏོང་རྒྱུ་མེད།
གཉིས་པ་མང་ཚོགས་ངོས་ནས་དོན་རྐྱེན་དེར་ཡི་མ་རངས་པ་བྱུང་མཁན་ཡོད་རིགས་ལ་ཞུ་རྒྱུར། ཁྱེད་རྣམ་པས་དོན་དམ་གྱི་གནས་ཚུལ་ཆ་ཚང་རྟོགས་པར་མཛད་སྒོའི་བརྙན་ཆ་ཚང་གཟིགས་རོགས་ཞེས་ཞུ་རྒྱུ་ཡིན། དེ་ལྟར་གནང་ན་ཁྱེད་ཀྱིས་ད་གཟོད་ཆགས་སེམས་དང་བྱམས་བརྩེ་གང་ཡིན་དབྱེ་བ་འབྱེད་ཐུབ་ངེས་རེད་ཅེས་ལན་འདེབས་གསལ་བཤད་གནང་ཡོད་པ་བཅས།།
གསལ་བཤད་ནང་དོན་ཨིན་སྐད་ནས་བོད་སྒྱུར་ཞུས་པས་ནང་དོན་ལ་ཧེ་བག་འདུག་ན་ཨིན་སྐད་ལ་རྩ་འཛིན་ཡོང་བ་ཞུ།