༄༅། །ལྷར་བཅས་སྲིད་གཞིའི་གཙུག་རྒྱན། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག འཇིག་རྟེན་ཞི་བདེའི་དེད་དཔོན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་སྐུའི་གསང་བ་གསུམ་ལ་ཚུལ་བསྟན་མི་ཤིས་པའི་མཚན་མའི་རིགས་ཕྲ་མོ་ཙམ་ཡང་ཞར་ཡང་མི་བཞེས་ཤིང་། བསྟན་འགྲོ་སྤྱི་དང་བྱེ་བྲག་ཁ་བ་གངས་ཅན་པའི་ལྗོངས་ཀྱི་མགོན་དཔུང་དམ་པར་༸ཞབས་པད་མི་འགྱུར་རྡོ་རྗེ་ཆོས་བདུན་གྱི་ངོ་བོར་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་ཕྱིར། མ་སུ་རི་སློབ་ཁྱིམ་ལས་སློབ་ངོ་ཟུར་དང་། དེ་སྔ་པཅ་མ་རི་གཏན་སློབ་དང་ལག་ཤེས་སློབ་ཟུར་བཅས་ཐུན་མོང་ནས་༸གོང་ས་ལྔ་པ་ཆེན་པོའི་དག་སྣང་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཇི་ལྟར་གསོལ་བ་བཏབ་པ་བཞིན་བཀའ་བཞེས་བཟང་པོ་སྤྱི་བོར་བསོད་ནམས་ཀྱི་དཔལ་དུ་ཐོབ་པ་ལྟར། བོད་རྒྱལ་ལོ་ ༢༡༥༠ བོད་ཟླ་ ༢ ཚེས་ ༡༡ ནས་ ༡༥ བར་དང་། ཕྱི་ལོ་ ༢༠༢༣ ཟླ་བ་ ༤ ཚེས་ ༡ ནས་ ༥ བར་ཉིན་གྲངས་ལྔའི་རིང་རྡོ་རྗེ་སློབ་དཔོན་༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་རྗེ་བཙུན་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་མཆོག་དང་སྔགས་འཆང་འོད་ཟེར་རྡོ་རྗེ་རིན་པོ་ཆེ་རྣམ་གཉིས་དབུ་བཞུགས་ཀྱིས་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་འདུས་ཚོགས། དེ་བཞིན་རྡ་ས་ཁུལ་གྱི་བསྙེན་མཚམས་པ་བཅས་ཆོག་གྲྭ་དགེ་འདུན་ཞལ་གྲངས་ ༤༠ སྐོར་ནས་སྐུ་ཚེ་ཚེ་སྒྲུབ་སྔོན་དུ་བཏང་སྟེ། བོད་ཟླ་ ༢ ཚེས་ ༡༥ ཕྱི་ལོ་ ༢༠༢༣ ཟླ་བ་ ༤ ཚེས་ ༥ གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔར་མཆོད་སྤྲིན་སྣ་ལྔ་བརྒྱ་ཚར་དང་ཚོགས་མཆོད་འབུལ་གཤོམ་ཐོག་མགོན་པོ་གང་ཉིད་མཆོག་ལ་མ་སུ་རི་སློབ་ཁྱིམ་ལས་སློབ་ངོ་ཟུར་དང་། དེ་སྔ་པཅ་མ་རི་གཏན་སློབ་དང་ལག་ཤེས་སློབ་ཟུར་བཅས་ཐུན་མོང་ནས་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད།དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༦ ཐོག་བརྟན་བཞུགས་ཀྱི་དབུ་བཞུགས་ཀུན་བདེ་གླིང་རིན་པོ་ཆེ་མཆོག་དབུ་བཞུགས་ཀྱིས་ཆོག་གྲྭ་འདུས་ཚོགས་ནས་སྐུ་ཚེ་ཚེ་སྒྲུབ་གསུང་ཆོག་གནང་གྲུབ་མཚམས་ཆུ་ཚོད་ ༨ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸རྒྱལ་བའི་ཕོ་བྲང་གཟིམ་སྒོ་ནས་རྣམ་གྲྭའི་སྤྱན་རྒྱ་སྤོས་འཛིན་དང་། སྦྱིན་བདག་མི་འཐུས་པཅ་མ་རི་སློབ་ཟུར་ངོ་ཚབ་ནས་སྤོས་སྣེ་དང་། མ་སུ་རི་བོད་ཁྱིམ་སློབ་ཕྲུག་རྣམས་ནས་བཀྲ་ཤིས་ཞོལ་པ་དང་ལྷ་མོའི་འདོན་བཅས་ཀྱིས་ཕེབས་བསུ་ཞུས་ཏེ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གདན་ཞུས་ཀྱིས་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་མཚམས་དབུ་བཞུགས་ཀུན་བདེ་གླིང་རིན་པོ་ཆེ་མཆོག་གིས་མཇལ་དར་རྐྱང་འབུལ་ཞུས་རྗེས་ཞལ་འདོན་ཚིག་བདུན་གསོལ་འདེབས་དང་གུ་རུའི་ཐུགས་དམ་གནད་སྐུལ་དང་། ༸རྒྱལ་བའི་འཁྲུངས་རབས་གསོལ་འདེབས་བཅས་གསུང་མུར་གསོལ་ཇ་འབྲས་སིལ་རིམ་བཞིན་འདེགས་འབུལ་ཞུས།ཐོག་མར་བསུན་བཟློག་གི་ཆོ་ག་ལ་རོལ་མོ་བྱིན་འབེབས་སྐབས་མཁའ་འགྲོ་མ་རྣམས་གར་སྟབས་དང་བཅས་ནང་དུ་ཕེབས་ཏེ་སོ་སོའི་མདོག་མཐུན་གྱི་དར་སྣེ་བཟུང་སྟེ་བཞུགས་ཁྲིའི་མདུན་དུ་འཁོད། དེ་ནས་ཞལ་འདོན་ཚིག་བསྟུན་གྱིས་དབུ་བཞུགས་རྡོ་རྗེ་སློབ་དཔོན་མཆོག་གིས་དར་སྣེ་གཅོད་འབྲེག་གནང་རིམ་བཞིན་མཁའ་འགྲོ་མ་རྣམས་སྐུ་གླུད་ཀྱི་མདུན་དུ་འཁོད། ཡོན་བདག་ནས་སྐུ་གླུད་ལ་སྒྲོན་དར་དང་མཁའ་འགྲོ་མ་འཁོར་བཅས་ལ་ཡོན་དང་། དར། དཀར་སྤྲོ། ཚོགས་བཅས་ཕུལ་ཏེ་ཕྱིར་གཤེགས།བརྟན་བཞུགས་དངོས་གཞིར་སློབ་དཔོན་ལྷར་བསྐྱེད་སོགས་རིམ་བཞིན་གསུངས་ཏེ་རིག་འཛིན་བརྒྱུད་སྐུལ་གྱི་གསུང་ཚིག་ཐ་མ་འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ་བཞིན་པའི་མཚམས་སུ་རྡོ་རྗེ་སློབ་དཔོན་མཆོག་སྐུ་བཞེངས་ཀྱིས་ཚེ་མདའ་འབུལ་ལམ་ཞུས། དེ་ནས་གསོལ་འདེབས་མཎྡལ་སྐབས་དབུ་བཞུགས་རྡོ་རྗེ་སློབ་དཔོན་ཀུན་བདེ་གླིང་རིན་པོ་ཆེ་མཆོག་གིས་མཎྜལ་ལྗགས་བཤད་མདོར་བསྡུས་ཤིག་གནང་སྐབས་སྦྱིན་བདག་མི་འཐུས་མ་སུ་རི་བོད་ཁྱིམ་གྱི་དྲུང་ཆེ་བསྟན་འཛིན་ཕྱོགས་གླང་ལགས་དང་། པཅ་མ་རི་གཏན་སློབ་དང་ལག་ཤེས་སློབ་ཟུར་གྱི་ངོ་ཚབ་སྤྱི་ཟུར་བཀྲ་ཤིས་རྣམ་རྒྱལ་ལགས་རྣམ་གཉིས་ཀྱིས་མཎྜལ་ཚོམ་བུ་ཟུར་འདེགས་ཞུས་ཏེ་མཎྜལ་ཚོམ་བུ་འབུལ་བཞེས་དང་མུ་མཐུད་སྐུ་རྟེན། གསུང་རྟེན། ཐུགས་རྟེན། བུམ་པ། ཚེ་ཆང་། ཚེ་རིལ། ཚེ་མདའ། འབྲང་རྒྱས་ལ་དབང་། དྲག་པོ། ཞི་བ། རྒྱས་པ་བཅས་དང་། བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྫས་བརྒྱད་བཅས་ཚིག་བསྟུན་གྱིས་འབུལ་ལམ་ཞུས་ཏེ་དབུ་བཞུགས་རྡོར་སློབ་མཆོག་གིས་མཇལ་ཞུས་གྲུབ་མཚམས་རིམ་བཞིན་སྦྱིན་བདག་མི་འཐུས་མ་སུ་རི་བོད་ཁྱིམ་གྱི་དྲུང་ཆེ་བསྟན་འཛིན་ཕྱོགས་གླང་ལགས་དང་། པཅ་མ་རི་གཏན་སློབ་དང་ལག་ཤེས་སློབ་ཟུར་གྱི་ངོ་ཚབ་སྤྱི་ཟུར་བཀྲ་ཤིས་རྣམ་རྒྱལ་ལགས་གཉིས་ནས་མཎྜལ་རྟེན་གསུམ་འདེགས་འབུལ་དང་གཞན་སྦྱིན་བདག་མི་འཐུས་ ༢༠ སྐོར་ནས་མཇལ་ཁ་ཞུས་པ་དང་ཆབས་ཅིག་མཁན་ཆེན་ཞི་བ་འཚོའི་སྐུ་བརྙན་ཆེ་ལེགས་མི་ཚད་མ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་མི་ཚད་མ་གཉིས་ཀྱིས་དབུས་འབུལ་དངོས་རྣམས་སྤྱན་ལམ་དུ་བསྟར་ཞུས་རྗེས་༸རྒྱལ་བའི་ཞབས་བརྟན་དང་། བསམ་པ་ལྷུན་འགྲུབ། བར་ཆད་ལམ་སེལ། བོད་སྐྱོང་ལྷ་སྲུང་འཕྲིན་བསྐུལ་མ་སྨད་བསོད་ནམས་བཅས་གསུང་མུར་གསོལ་ཇ་གཉིས་པ་འདེགས་འབུལ་ཞུས་ཏེ་ཡོན་འབུལ་དང་ཚོགས་བཀྱེ་བགོ་འགྲེམས་ཞུས་ཡོད། མཚམས་འདིར་འབྲེལ་ཡོད་མ་སུ་རིའི་སློབ་ཕྲུག་ ༦༠ སྐོར་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བསྟོད་གླུ་འབུལ་ལམ་ཞུས།དེ་ནས་གཏང་རག་མཎྜལ་སྐབས་སྦྱིན་བདག་མི་འཐུས་པཅ་མ་རི་ངོ་ཚབ་བཀའ་དྲུང་ཟུར་པ་རྫོང་དཀར་སྟོབས་རྒྱལ་ཚེ་རིང་ལགས་དང་མ་སུ་རིའི་ངོ་ཚབ་ཀུན་བཟང་ཆོས་འཕེལ་ལགས་བཅས་ནས་རྟེན་གསུམ་འདེགས་འབུལ་དང་མི་གྲངས་ ༡༣ སྐོར་ནས་མཇལ་ཁ་ཞུས་གྲུབ་རྗེས་ཞལ་འདོན་ཉི་གཞོན་འཆར་ཁ་མ་དང་། ཐུབ་བསྟན་རིས་མེད་རྒྱས་པའི་སྨོན་ལམ། གསོལ་འདེབས་སྨོན་ཚིག་བདེན་པའི་རྔ་སྒྲ། བསྟན་པ་འབར་མ། མཆོག་གསུམ་ཤིས་བརྗོད་བཅས་གསུངས་མཐར་ཀ་ཁྲི་སྒྲོགས། དེ་ནས་བདེན་ཚིག་སྨོན་ལམ་བཅས་གསུངས་ཏེ་བརྟན་བཞུགས་ཀྱི་མཛད་སྒོ་དངོས་གཞི་ལེགས་པར་གྲུབ།སྐབས་དེར་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་འདིར་བརྟན་བཞུགས་ཤིག་གནང་གི་ཡོད་པ་རེད། འདིར་ལུས་པོ་ཡོད་པ་དེ་ང་རང་ཚོ་བཙན་བྱོལ་བ་ཉུང་ཤས་ཤིག་ཆགས་ཡོད། འོན་ཀྱང་བསམ་བློའི་ཐོག་ནས་བོད་མི་ས་ཡ་དྲུག་སྟེ་ཆོལ་ཁ་གསུམ་གྱི་བོད་མི་ཚང་མས་ངོས་ལ་བློ་ཚུར་གཏོད་བཞིན་ཡོད། བོད་མི་ཙམ་དུ་མ་ཟད། རྒྱ་ཧོར་བོད་གསུམ་ནང་༸རྒྱལ་བ་རིན་པོ་ཆེ་ལ་དགའ་མོས་བྱས་ནས་༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་རིང་པོ་བསྡད་ཐུབ་པ་ཞིག་དང་། རྒྱ་ཧོར་བོད་གསུམ་གྱི་ས་ཁུལ་དེ་སྔ་སངས་རྒྱས་ཀྱི་ཆོས་དར་བ་དང་། བར་སྐབས་ཕྲན་བུ་ཉམས་པ་དེ་དག་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཡོང་བའི་རེ་བ་རྩེ་གཅིག་ཏུ་ཡོད་པ་ཞིག་ཆགས་ཡོད། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནང་ནས་དངོས་གནས་དྲང་གནས་ངོས་ལ་དད་མོས་དང་དགའ་ཞེན་རྩེ་གཅིག་ཏུ་བྱེད་མཁན་ཧ་ཅང་ཕོན་ཆེན་པོ་འདུགངོས་ལ་ཆ་བཞག་ནའང་བྱང་ཆུབ་ཀྱི་སེམས་སྒོམ་གྱི་ཡོད་སྟབས། བྱང་ཆུབ་སེམས་ཀྱི་ཁ་ཡོད་ལག་ཡོད་ཀྱིས་མི་ལ་ཕན་ཐོགས་བྱེད་རྒྱུ་དེ་དད་པ་དང་དམ་ཚིག་ཡོད་པའི་མི་དེ་དག་དང་འབྲེལ་བ་ཡོད། དེར་བརྟེན་ཁྱེད་རང་ཚོས་ལྷག་བསམ་རྣམ་དག་གིས་བརྟན་བཞུགས་གནང་པ་རེད། ངོས་ལ་ཆ་བཞག་ན་རྒྱ་ཧོར་བོད་གསུམ་གྱི་ཆོས་དད་ཡོད་མཁན་ཚོ་གཙོ་བོར་གྱུར་པའི་འཛམ་གླིང་འདིའི་སྒང་ལ་དེ་སྔ་སངས་རྒྱས་ཀྱི་ཆོས་དང་འབྲེལ་བ་མེད་མཁན་གྱི་མི་མང་པོ་ཞིག་གིས་ངོས་ལ་དགའ་པོ་བྱེད་ཀྱི་ཡོད། མདོར་ན་ཚན་རིག་པའི་ནང་ནས་ཀྱང་ངོས་ལ་དགའ་པོ་བྱེད་མཁན་ཧ་ཅང་ཡོང་གི་འདུག རྒྱ་མི་ལ་ཆ་བཞག་ན། རྒྱ་མི་གུང་ཁྲན་ཏང་ཡོན་དེ་འདྲའི་ནང་ངོས་ལ་ཚུར་དགའ་མོས་བྱེད་མཁན་དེ་འདྲ་ཤུགས་ཆེན་པོ་འདུག དེར་བརྟེན་ངོས་རང་འཚོ་རྒྱུ་དེ་ངོས་རང་གཅིག་པུ་མ་ཡིན་པར་ཆོལ་ཁ་གསུམ་གྱི་རྒྱ་ཆེ་མི་མང་དང་། འཛམ་གླིང་འདིའི་སྒང་གི་མི་མང་པོ་ཞིག་གིས་བློ་རྩེ་གཏོད་ས་ལྟ་བུ་བྱས་ཏེ་དགའ་པོ་བྱེད་ཀྱི་ཡོད་པ་རེད། ངོས་རང་ཚེ་རིང་དུ་བསྡད་ཐུབ་པར་ངོས་ཀྱིས་སྨོན་ལམ་རྒྱག་གི་ཡོད་ལ། དེ་རིང་འདིར་ཚེ་སྒྲུབ་གནང་བ་དེ་འདྲ་རེད། ཁྱེད་རང་ཚོས་ཐུགས་སྨོན་མཚམས་སྦྱོར་རྒྱ་གང་ཆེ་གནང་ཤོག ངོས་ལ་ཆ་བཞག་ན་ལོ་བརྒྱ་དང་བཅུ་ཙམ་བསྡད་ཐུབ་པའི་སེམས་ཤུགས་ཡོད། སྨོན་ལམ་རྒྱག་གི་ཡོད། གང་ལྟར་བསྟན་པ་དང་འགྲོ་བ་ལ་ཕྱོགས་གང་ཅིའི་ཐོག་ནས་ཕན་ཐོགས་ཡོང་ཐུབ་པའི་སེམས་ཤུགས་ཡོད། ངོས་ཀྱི་གཟུགས་པོར་ཆ་བཞག་ན། གཟུགས་པོ་བདེ་ཐག་ཆོད་ཡོད། མ་བདེ་བ་གང་ཡང་མི་འདུག པུས་མོར་དཀའ་ངལ་ཕྲན་བུ་ཡོད་པ་མ་གཏོགས་གཞན་ཨབ་ཏང་ཚད་དགོས་བྱུང་ན་ཨབ་ཏང་ཚད་ཐུབ་པ་ལྟ་བུ་ཡོད།ཁྱེད་རང་ཚོ་ཚང་མས་དེ་རིང་བརྟན་བཞུགས་གནང་གི་ཡོད་པ་རེད། དེ་རིང་འདིར་དངོས་སུ་ཡོད་པ་ཁྱེད་རང་ཚོ་དང་། གཞིས་ལུས་རྒྱ་ཆེ་མི་མང་། ཆོལ་ཁ་གསུམ་གྱི་བོད་མི། རྒྱ་རིགས་མི་མང་། དེ་བཞིན་འཛམ་གླིང་འདིའི་སྟེང་ཆོས་ཙམ་མིན་པར་སེམས་པ་བཟང་པོའི་ཐོག་ནས་མི་ཚེ་སྐྱེལ་རྒྱུའི་བསམ་བློ་ཡོད་མཁན་མི་མང་པོ་ཞིག་གིས་ངོས་ལ་དགའ་མོས་བྱེད་ཀྱི་ཡོད། དེར་བརྟེན་ངོས་ཀྱི་ཚེ་རིང་དུ་གནས་ཐུབ་པ་བྱུང་ན། མི་མང་པོ་ཞིག་ལ་ཕན་ཐོགས་ཡོང་ཐུབ་པ་ངོས་ཀྱིས་དངོས་སུ་མཐོང་གི་འདུག རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་པའི་སེམས་བསྐྱེད་ཉིན་རེ་བཞིན་དུ་ངོས་ཀྱིས་འདོན་གྱི་ཡོད་པ་མ་ཟད། སྒོམ་གྱི་ཡོད། དེ་རིང་འདིར་དངོས་སུ་འདུས་པ་ཁྱེད་རང་ཚོ་དེ་དག་གིས་ཁ་ཞེ་གཉིས་མེད་ཀྱི་ཐོག་ནས་༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཡུན་རིང་བཞུགས་ཐུབ་པའི་དམ་ཚིག་ཟོང་ཁ་ཆིག་སྒྲིལ་གྱི་ཐོག་ནས་སྨོན་ལམ་རྒྱག་གི་ཡོད་པ་རེད། གཞིས་ལུས་རྒྱ་ཆེ་མི་མང་གིས་སྙིང་ཁུངས་རུས་པའི་གཏིང་ནས་སྨོན་ལམ་དང་རེ་བ་རྒྱག་གི་ཡོད་པ་ནང་བཞིན་ངོས་ཀྱིས་བོད་ཆོལ་ཁ་གསུམ་གཙོ་བོར་གྱུར་པའི་འཛམ་གླིང་འདིའི་སྟེང་གི་མི་མང་པོ་ཞིག་ལ་ཕན་ཐོགས་བྱེད་ཀྱི་ཡོད་པ་ངོས་ཀྱིས་དངོས་སུ་མཐོང་གི་འདུག རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་གསུངས་པ་འདི་ངོས་ཀྱིས་སྨོན་ལམ་རྒྱག་གི་ཡོད། ཁྱེད་རང་ཚོ་ཚང་མས་ཐུགས་སྨོན་བདེན་ཚིག་ཟབ་ཟབ་གནང་རོགས། དེ་རིང་འདིར་མཁའ་འགྲོ་བསུན་བཟློག་ཡོད་པ་རེད། གང་ལྟར་སྙིང་པོ་ནི་འཛམ་གླིང་འདིའི་སྟེང་ངོས་ཀྱི་མི་ཚེ་འདི་ཕན་ཐོགས་གང་ཙམ་འདུག ད་དུང་ཤུགས་ཆེ་རུ་འགྲོ་བཞིན་པ་དང་། མ་འོངས་པར་རྒྱ་ཧོར་བོད་གསུམ་ལ་བསྟན་པ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཡོང་བར་ངོས་ཀྱི་ཞབས་འདེགས་གང་ཙམ་སྒྲུབ་ཐུབ་ཀྱི་རེད་བསམ་པའི་ངོས་ལ་གདེང་སྤོབས་ཡོད། དེར་བརྟེན་ངོས་ཀྱིས་ཚེ་རིང་དུ་
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་པ།
གསར་གནས།
འབྲེལ་གནས།