༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༤ ཚེས་ ༡༥ ཉིན་སུད་སི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་སོགས་ནས་སུད་སི་རི་ཀོན་གཟའ་མཇུག་བོད་ཡིག་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་ ༤༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་ཡོད་པ་དང་། སུད་སི་རི་ཀོན་གཟའ་མཇུག་བོད་ཡིག་སློབ་གྲྭ་ནི། སུད་སི་ནང་གི་བོད་ཡིག་སློབ་གྲྭ་རྙིང་ཤོས་ཤིག་ཡིན་ཞིང་། ཕྱི་ལོ་ ༡༩༦༣ ནང་བོད་མི་གང་ཙམ་ཞིག་སུད་སིར་འབྱོར་བའི་ལོ་ཤས་རྗེས་བོད་རིགས་ཤེས་ལྡན་པ་ཁག་གཅིག་གིས་དང་བླངས་ཐོག་སོ་སོའི་རྩ་ཆེ་བའི་ཆོས་དང་རིག་གཞུང་། སྐད་ཡིག་མི་ཉམས་རྒྱུན་འཛིན་ཆེད་འགན་འཁུར་རྐང་བཞེས་ཀྱིས་བོད་ཡིག་སློབ་གྲྭ་ཞིག་བཙུགས་ཏེ་ཕྱི་ལོ་ ༡༩༨༣ ཟླ་བ་ ༤ ཚེས་ ༡༥ ཉིན་བོད་ཕྲུག་བདུན་ལས་གྲུབ་པའི་སློབ་མར་བོད་ཡིག་སློབ་ཁྲིད་གནང་འགོ་བཙུགས།
དེ་ཡང་དུས་དྲན་མཛད་སྒོར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་སོགས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་པའི་མི་རབས་རྒན་པ་རྣམས་ཀྱིས་སྐུ་ངལ་འཛེམས་མེད་ཀྱིས་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་མི་ཉམས་རྒྱུན་འཛིན་སླད་སྐུ་ལས་སྐྱོན་གནང་བར་བཀའ་དྲིན་རྗེས་དྲན་ཞུས་གནང་ཡོད། སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཡོངས་ནས་རི་ཀོན་གཟའ་མཇུག་བོད་ཡིག་སློབ་གྲྭར་མཐུན་འགྱུར་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཡོད།གཞན་ཡང་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་སྐུ་ཞབས་མེ་རིའོ་ཕེ་ཧར་ (Mario Fehr) ལགས་སླར་ཡང་ཛུ་རིག་མངའ་སྡེའི་གྲོས་ཚོགས་འཐུས་མིར་བདམས་ཐོན་བྱུང་བར་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་ཞུས་པ་དང་འབྲེལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རང་རྣམ་བཙན་བྱོལ་ནང་གི་རང་དབང་ (Freedom in Exile) ཞེས་པའི་དཔེ་དེབ་ཅིག་ལེགས་སྐྱེས་སུ་ཕུལ་ཡོད།
མཛད་སྒོའི་ཐོག་སྐུ་ཞབས་མེ་རིའོ་ཕེ་ཧར་ (Mario Fehr) ལགས་ཀྱིས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཐུན་མོང་ནས་བོད་ཀྱི་རིག་གཞུང་དང་སྐད་ཡིག་མི་ཉམས་རྒྱུན་འཛིན་གནང་དང་གནང་བཞིན་པར་རྗེས་སུ་ཡི་རང་ཞུས་གནང་ཡོད་པ་མ་ཟད། མུ་མཐུད་དེ་ལྟར་རྒྱུན་འཛིན་གནང་དགོས་པའི་འབོད་སྐུལ་དང་། བོད་དོན་དང་བོད་མིར་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་སྐོར་གསུངས།
མཐར་སློབ་ཕྲུག་དང་སློབ་ཕྲུག་གི་ཕ་མ་སོགས་ནས་བོད་ཀྱི་གཞས་དང་ཞབས་བྲོ་འཁྲབ་སྟོན་གནང་ཡོད་པ་བཅས།།