༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༤ ཚེས་ ༢༢ ཉིན་ལིག་ཏེན་སིཊཡན་བོད་རིགས་ཚོགས་པའི་གོ་སྒྲིག་འོག་ལིག་ཏེན་སིཊཡན་དུ་བོད་པ་འབྱོར་ཏེ་ལོ་ངོ་ ༣༠ འཁོར་བའི་དུས་དྲན་སྲུང་བརྩི་དང་། ལིག་ཏེན་སིཊཡན་གྱི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཞིག་ཚོགས་ཡོད་པ་དང་། དུས་དྲན་སྲུང་བརྩིའི་མཛད་སྒོར་སྐུ་མགྲོན་གཙོ་བོ་ལིག་ཏེན་སིཊཡན་གྱི་རྒྱལ་སྲས་ཧན་སི་ཨེ་ཌམ་(Hans-Adam II) མཆོག་དང་། བྷེལ་ཛར་སི་ (Gemeinde Balzers) གྲོང་སྡེ་ལྷན་ཁང་གི་གཙོ་འཛིན་ཧེར་ཧན་སི་ཇོག་ (Herr Hansjörg Büchel) ལགས། སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས། སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་ཚོགས་གཙོ་ཀརྨ་ཆོས་སྐྱིད་ལགས་དང་ཚོགས་གཞོན་བསྟན་འཛིན་དབང་འདུས་ལགས། སྤྱི་ཟུར་ཟམ་མདོ་བྱམས་པ་ཚེ་རིང་ལགས་སོགས་མཉམ་ཞུགས་གནང་ཡོད།དེ་ཡང་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་སྐུ་མགྲོན་གཙོ་བོ་ལིག་ཏེན་སིཊཡན་གྱི་རྒྱལ་སྲས་ཧན་སི་ཨེ་ཌམ་ (Hans-Adam II) མཆོག་གིས་གཙོས་ལིག་ཏེན་སིཊཡན་གཞུང་མང་གཉིས་ནས་བཙན་བྱོལ་བོད་མི་རྣམས་ལ་རྒྱབ་སྐྱོར་དང་། ལྷག་པར་བོད་མིའི་རིག་གཞུང་དང་ངོ་བོ་སོགས་མི་ཉམས་རྒྱུན་འཛིན་སླད་རོགས་རམ་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་གནང་ཡོད།
གཞན་ཡང་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རང་རྣམ་བཙན་བྱོལ་ནང་གི་རང་དབང་ཞེས་པའི་དཔེ་དེབ་ཅིག་དང་ཞིང་གཤེགས་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་རིན་པོ་ཆེའི་མཛད་རྣམ་སྐོར་གྱི་དཔེ་དེབ་ཅིག་བཅས་ལིག་ཏེན་སིཊཡན་གྱི་རྒྱལ་སྲས་ཧན་སི་ཨེ་ཌམ་མཆོག་ལ་ཐུགས་རྗེ་ཆེ་ཞུའི་ཕྱག་རྟགས་སུ་ཕུལ་ཡོད། ལིག་ཏེན་སིཊཡན་བོད་མིའི་གཟའ་མཇུག་སློབ་གྲྭའི་སློབ་མ་རྣམས་ཀྱིས་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་ཞུས་ཡོད་པ་བཅས།།