༄༅། །འདི་གར་རྡོར་གླིང་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༣ ཟླ་བ་ ༤ ཚེས་ ༢༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་རྡོར་གླིང་ས་གནས་འགོ་འཛིན་ཚེ་དབང་ཕུན་ཚོགས་ལགས་ཀྱིས་ས་གནས་འགོ་འཛིན་གསར་པ་ཕུན་ཚོགས་སྟོབས་རྒྱལ་ལགས་ལ་ས་འགོའི་ཡིག་འཕེལ་དང་འཛིན་ཆས། ལས་དམ། ཅེག་འཛིན་བཅས་རྩིས་འབུལ་ཞུས་རྗེས་སྤྲོད་དཔང་ཀ་སྦུག་ས་གནས་འགོ་འཛིན་ཀརྨ་དགེ་ལེགས་ལགས་ཀྱིས་ས་འགོ་རྙིང་པར་ཐོན་མཇལ་དང་། ས་འགོ་གསར་པར་འཚམས་འདྲིའི་མཇལ་དར་སྒྲོན།
དེ་རྗེས་ཚོགས་པ་ཁག་གི་ཚོགས་གཙོ་རྣམས་ནས་ས་གནས་འགོ་འཛིན་གསར་རྙིང་ལ་མཇལ་དར་སྒྲོན། དེ་ནས་སམ་བྷོ་ཌ་རྡོར་གླིང་སློབ་གྲྭའི་ཚོགས་ཁང་དུ་མི་མང་ཚང་འཛོམས་ཐོག་ས་གནས་འགོ་འཛིན་རྙིང་པ་ནས་ས་གནས་ངོ་སྤྲོད་དང་ས་གནས་འགོ་འཛིན་གསར་པ་ནས་མི་མང་ལ་འཚམས་འདྲའི་གསུང་བཤད་གནང་གྲུབ་མཚམས་སྤྲོད་དཔང་ཀ་སྦུག་ས་གནས་འགོ་འཛིན་ཀརྨ་དགེ་ལེགས་ལགས་ཀྱིས་ས་འགོ་རྙིང་པར་ཐུགས་རྗེ་ཆེ་ཞུ་དང་ས་འགོ་གསར་པར་མཐུན་འགྱུར་ཡོང་བའི་གསུང་བཤད་གནང་རྗེས་རྒྱ་གར་རྫོང་དཔོན་ལས་ཁུངས་སུ་རྫོང་དཔོན་ངོ་སྤྲོད་ཐུགས་འཕྲད་དང་། གཞན་ཡང་ཕྱི་མི་དེབ་སྐྱེལ་ (FRRO) ལས་ཁུངས་སུ་ལས་བྱེད་ངོ་སྤྲོད་ཞུས། ཕྱི་ཚེས་ ༢༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཐོག་བླ་མ་ཧ་ཌའི་ས་ཆ་ངོ་སྤྲོད་དང་། ཉིན་རྒྱབ་རང་འཚོ་བཟོ་གྲྭར་གཟིགས་སྐོར་དང་ལས་ཁུངས་གསར་རྒྱག་ལས་གཞི་འགྲོ་མུས་སུ་སྐོར་བསྐྱོད་གནང་སྟེ་རྩིས་སྤྲོད་རྩིས་ལེན་ལེགས་གྲུབ་བྱུང་ཡོད་པ་བཅས། །