༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༣ ཟླ་བ་ ༤ཚེས་ ༠༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་སྔ་འགྱུར་སྙིང་མའི་མ་དགོན་དྲུག་གི་ཐོག་མ་ཤར་རྒྱལ་བ་ཀཿཐོག་པའི་འཕགས་ཡུལ་ཀཿཐོག་དགོན་དུ་ལོ་རྒྱུས་རང་བཞིན་ལྡན་པའི་ཀཿཐོག་དབང་ལུང་ཁྲིད་གསུམ་བསྡོམས་ ༡༤༡ རྒྱ་གར་འཕགས་པའི་ཡུལ་དུ་དུས་གཅིག་ལ་ཐེངས་དང་པོ་ལེགས་གྲུབ་བྱུང་བའི་མཛད་སྒོ་དབུ་འཛུགས་གནང་ཡོད།
དེ་ཡང་མཛད་སྒོའི་ཐོག་བལ་ཡུལ་ཀཿཐོག་གཞི་ཆེན་བཻ་རོ་གླིང་གི་འདུལ་འཛིན་ཆེན་པོ་༸སྐྱབས་རྗེ་མཁན་ཆེན་རྫི་མ་བླ་མའི་མཆོག་སྤྲུལ་བརྩོན་འགྲུས་རྒྱ་མཚོ་རིན་པོ་ཆེ་མཆོག་དང་། སྐུ་མགྲོན་གཙོ་བོ་རྒྱ་གར་དབུས་གཞུང་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཡེ་ཤེས་ལ་ཆུང་པ་མཆོག་གི་སྐུ་ཚབ་སྐུ་ཞབས་ཇཱ་ནཱག་ཀུ་མཱར་གྷུ་རུང་ (Shri Janak kumar Gurung, honorable chairman (SIDICO) མཆོག དམིགས་བསལ་སྐུ་མགྲོན་དུ་ཆོས་རིག་དྲུང་ཆེའི་སྐུ་ཚབ་ཆོས་རིག་དྲུང་འཕར་བདུད་འདུལ་རྡོ་རྗེ་ལགས། ཨ་མྱེས་རྨ་ཆེན་བོད་ཀྱི་ནརིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་དང་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་རྩོམ་སྒྲིག་འགན་འཛིན་མཁས་དབང་མཁན་པོ་འཇུ་བསྟན་སྐྱོང་ལགས། རྒྱལ་ཁབ་འདྲ་མིན་བཞི་ནས་ཕེབས་པའི་ཆོས་ཚོགས་ཁག་གི་ཚོགས་མི་རྣམ་པ། ཀཿཐོག་ཉེ་འཁོར་གྱི་བོད་མིའི་གཞིས་ཆགས་ཁག་གི་ས་གནས་འགོ་འཛིན་རྣམ་པ། ཚོགས་པ་ཁག་གི་ཚོགས་གཙོ་རྣམ་པ། གཞན་ཡང་སྐུ་མགྲོན་རྣམ་པ། དགོན་པའི་དབུ་འཛིན་རྒྱ་ཤོད་སྐྱབས་སྤྲུལ་རིན་པོ་ཆེ་མཆོག མཁན་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམས་པ། ཕྱག་མཛོད་དང་དགེ་བསྐོས་ཀྱིས་གཙོས་པའི་ལས་ཀྱི་སྣེ་མོ་བ་ཡོངས་དང་སློབ་གཉེར་བ་དགེ་འདུན་རྣམ་པ། ཀཿཐོག་གཞིས་ཆགས་ཀྱི་ས་འཐུས་ཚོགས་གཙོ་དང་ས་གནས་འགོ་འཛིན། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ། ཀཿཐོག་ཚོགས་པའི་ཚོགས་གཙོ་དང་རྒྱུན་ལས། ལས་ཀྱི་སྣེ་མ་ཡོངས། དེ་བཞིན་གཏོང་ཕོད་ཅན་གྱི་སྦྱིན་བདག་རྣམ་པ། དད་ལྡན་མང་ཚོགས་བཅས་ཚང་འཛོམས་ཐོག་མཛད་སྒོ་ཚོགས་ཡོད།འཕགས་ཡུལ་ཀཿཐོག་མ་དགོན་དུ་ཕྱི་ལོ་ ༢༠༢༣ ཟླ་བ་ ༣ ཚེས་ ༠༥ ནས་ ༣༡ བར་ལོ་རྒྱུས་རང་བཞིན་ལྡན་པའི་ཀཿཐོག་པའི་གཏེར་ཆེན་རིག་འཛིན་བདུད་འདུལ་རྡོ་རྗེ་མཆོག་དང་གཏེར་ཆེན་རིག་འཛིན་ཀློང་གསལ་ཡབ་སྲས་ཀྱི་དབང་ལུང་ཁྲིད་གསུམ་ ༡༤༡ ཆ་ཚང་བ་ཞིག་རྒྱ་གར་འཕགས་པའི་ཡུལ་དུ་དུས་གཅིག་ལ་གནང་རྒྱུ་བྱུང་བ་རེད་འདུག དབང་ལུང་ཁྲིད་གསུམ་གནང་མཁན་བླ་མ་ཀཿཐོག་གཞི་ཆེན་བཻ་རོ་གླིང་གི་འདུལ་འཛིན་ཆེན་པོ་༸སྐྱབས་རྗེ་མཁན་ཆེན་རྫི་མ་བླ་མའི་མཆོག་སྤྲུལ་བརྩོན་འགྲུས་རྒྱ་མཚོ་རིན་པོ་ཆེ་མཆོག དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་གྲུབ་པའི་ཆེད་གོ་སྒྲིག་ཞུ་མཁན་གཙོ་བོ་དགོན་པའི་དབུ་འཛིན་རྒྱ་ཤོད་སྐྱབས་སྤྲུལ་རིན་པོ་ཆེ་མཆོག་གིས་དབུས་མཁན་བླ་སྤྲུལ་འདུས་མང་ཡོངས་དང་། གཏོང་ཕོད་ཅན་གྱི་སྦྱིན་བདག་རྣམ་པ། ཀཿཐོག་བོད་མིའི་གཞིས་ཆགས་ཀྱི་འགོ་ལས་ཡོངས་ནས་ཕྱར་གྲུ་མཉམ་འདེགས་གནང་བ་དང་། དེ་བཞིན་༸རྒྱལ་བའི་སྐུ་ཕྱྭའི་ཆེད་ཟླ་བ་གཅིག་ཙམ་རིང་ལ་སྔ་དྲོ་ཆུ་ཚོད་ ༩ ནས་ ༡༡ བར་ཉིན་ལྟར་གཏེར་ཆེན་བདུད་ཀློང་རྣམ་གཉིས་ཀྱི་ཚེ་སྒྲུབ་ཆོ་ག་ཁག་ ༡༡ དང་སྐུ་གསུམ་ཆོ་གའི་སྒོ་ནས་འབུམ་ཚོགས་བཅས་གནང་འདུག
རྒྱ་གར་ནང་སྐྱབས་རྗེ་དབོན་པོ་སྤྲུལ་སྐུ་མཆོག་གིས་ཕྱི་ལོ་ ༡༩༦༧ ལོར་ཁམས་ཀཿཐོག་བོད་མིའི་གཞིས་ཆགས་གསར་འཛུགས་གནང་བ་དང་། ཕྱི་ལོ་ ༡༩༧༩ ལོར་དགོན་པ་ཕྱག་བཏབ། དེ་ནས་རིམ་བཞིན་སྐྱབས་རྗེ་དབོན་པོ་སྤྲུལ་སྐུ་མཆོག་དང་། སྐྱབས་རྗེ་དྲི་མེད་ཞིང་སྐྱོང་སྤྲུལ་སྐུ། ཉག་རོང་མཁན་པོ། དབུ་མཛད་དང་མགོན་བླ་བ་སྔགས་འཆང་བླ་མ་བཅུ་གསུམ་ལྷག་གིས་སྐབས་དུས་དང་བསྟུན་ནས་ཀཿ ཐོག་དགོན་པའི་འཛིན་སྐྱོང་གནང་འདུག
ཕྱི་ལོ་ ༢༠༡༧ ལོར་སྔ་འགྱུར་རྙིང་མའི་དབུ་འཁྲིད་ཁྲི་རབ་བདུན་པ་༸སྐྱབས་རྗེ་ཀཿ་ཐོག་དགེ་རྩེ་རིན་པོ་ཆེ་མཆོག་ལ་ཀཿཐོག་ཚོགས་པ་དང་གཞིས་མི་ནས་གསོལ་འདེབས་ཞུས་པ་བཞིན་རྒྱ་ཤོད་སྐྱབས་སྤྲུལ་རིན་པོ་ཆེ་མཆོག་འཕགས་ཡུལ་ཀཿཐོག་དགོན་གྱི་བསྟན་བདག་ཡིན་ཞེས་མཚན་གསོལ་གནང་བ་དང་། ཕྱི་ལོ་ ༢༠༡༨ ལོར་བལ་ཡུལ་དུ་ཁྲི་འདོན་གནང་རྗེས་འཕགས་ཡུལ་ཀཿཐོག་དགོན་ལ་དབུ་འཛིན་ཕེབས་པ་རེད་འདུག ད་ལྟའི་ཆར་ཀཿཐོག་དགོན་པར་དགེ་འདུན་ཞལ་གྲགས་ ༣༠ དང་། ལྷ་ཁང་ཉམས་གསོ། མཆོད་ཆས་དང་ནང་ཆས་གསར་སྒྲིག ཐབ་ཚང་དང་མ་ཎིའི་འཁོར་ཁང་གསར་རྒྱག གྲྭ་རྒྱུན་གསར་བསྡུས་སོགས་གནང་བཞིན་པ་རེད་འདུག །