༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༣ ཚེས་ ༣༠ དང་། ༣༡ ཉིན་བེལ་ཇམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ལུ་སེམ་བྷོག་ཏུ་ཕྱོགས་ཕེབས་ཀྱིས་གཞུང་འབྲེལ་གནད་ཡོད་མི་སྣ་དང་མཇལ་འཕྲད་གནང་སྟེ་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད།
ཐེངས་འདིའི་ཕྱོགས་ཕེབས་འདི་བཞིན་ཁོང་མོས་སྐུ་ཚབ་དོན་གཅོད་ཀྱི་ལས་ཁུར་བཞེས་རྗེས་རྒྱལ་ཁབ་དེར་ཕེབས་པ་ཐོག་མ་ཆགས་ཡོད།
དེ་ཡང་རེས་གཟའ་པ་སངས་ཉིན་ཁོང་མོས་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པ་ (Les amis du Tibet) ཞེས་པའི་ཚོགས་གཙོ་གཙོས་པའི་རྒྱུན་ལས་རྣམ་པ་དང་མཇལ་འཕྲད་གནང་སྟེ་འབྱུང་འགྱུར་མཉམ་ལས་གནང་ཕྱོགས་དང་འབྲེལ་ལམ་སྲ་བརྟན་གཏོང་ཕྱོགས་སྐོར་གྲོས་བསྡུར་ལྷུག་པོ་གནང་ཡོད་པ་དང་། དེ་རྗེས་ཁོང་མོས་ས་གནས་བོད་རིགས་མི་མང་དང་ཐུག་འཕྲད་གནང་སྟེ་གཞུང་འབྲེལ་ཕྱོགས་ཕེབས་ལེགས་པར་མཇུག་སྒྲིལ་གནང་ཡོད་པ་བཅས།།