༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༤ ཚེས་ ༢༠ ཉིན་ཕ་རཱན་སིའི་གྲོས་ཚོགས་གོང་མའི་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ཇེ་ཁེ་ལིན་ (Jacqueline Eustache-Brinio) མཆོག་གིས་སྣེ་ཁྲིད་པའི་ཕ་རཱན་སིའི་གྲོས་ཚོགས་གོང་མིའི་འཐུས་མི་ལྕམ་སྐུ་ཨེལ་སེ་ཇོ་སེ་ཕི (Else Joseph) ལགས་དང་། ཕ་རཱན་སིའི་གྲོས་ཚོགས་གོང་མིའི་འཐུས་མི་སྐུ་ཞབས་ཨུ་ལི་ཝིར་རིཊ་མན་ (Olivier Rietmann) ལགས། ལས་བྱེད་སྐུ་ཞབས་ཐེ་རེ་མུ་ནིར་ (Thierry Munier) ལགས་བཅས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་གིས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་མཇལ་འཕྲད་གནང་སྟེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་དང་བཙན་བྱོལ་བོད་མིའི་བདེ་དོན་སོགས་ཀྱི་སྐོར་བཀའ་བསྡུར་གནང་ཡོད།ཕྱི་ཚེས་ ༢༡ ཉིན་གྱི་སྔ་དྲོ་ཕ་རཱན་སིའི་གྲོས་ཚོགས་གོང་མའི་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ནས་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དང་མཇལ་འཕྲད་གནང་སྐབས་ཕྱི་དྲིལ་བཀའ་བློན་མཆོག་གིས་ཕ་རཱན་སིའི་གྲོས་ཚོགས་གོང་མའི་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ནས་བོད་ནང་གི་གནས་སྟངས་ཛ་དྲག་སྐོར་གླེང་སློང་དང་བོད་རྒྱ་གྲོས་མོལ་བསྐྱར་གསོ་ཡོང་ཐབས་སུ་རྒྱབ་སྐྱོར་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་གནང་ཡོད། སྐབས་དེར་ཕྱི་འབྲེལ་དྲུང་འཕར་བསྟན་འཛིན་ལེགས་བཤད་ལགས་དང་། ཕྱི་དྲིལ་དྲུང་འཕར་རྣམ་རྒྱལ་ཚེ་དབང་ལགས། ཕ་རཱན་སི་བོད་ཀྱི་འབྲེལ་མཐུད་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་འཇིགས་མེད་རྡོ་རྗེ་ལགས་ཀྱང་ལྷན་ཞུགས་གནང་ཡོད།དེ་རྗེས་ཕ་རཱན་སིའི་གྲོས་ཚོགས་གོང་མའི་འཐུས་མིའི་སྐུ་ཚབ་ཚོགས་ཆུང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་འཚམས་གཟིགས་ཕེབས་གནང་ཡོད། སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་གཙོས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་རྣམ་པས་སྣེ་ལེན་ཞུས་རྗེས་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་སྣེ་ཁྲིད་དང་སྦྲགས། དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་ལས་དོན་གནང་ཕྱོགས་སོགས་ཀྱི་ཐོག་འགྲེལ་བརྗོད་སྙིང་བསྡུས་གནངཡོད།སྤྱིར་རྡ་སར་ཉིན་གྲངས་ལྔའི་རིང་འཚམས་གཟིགས་སྐབས་ཕ་རཱན་སིའི་གྲོས་ཚོགས་གོང་མའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ནས་རྡ་ས་ཁུལ་གྱི་བོད་མིའི་སློབ་གྲྭ་ཁག་དང་། རིག་གཞུང་བསྟི་གནས་ཁང་། གཞུང་དང་གཞུང་ཁོངས་མིན་པའི་ཚོགས་པ་ཁག་ལ་འཚམས་གཟིགས་སུ་ཕེབས་གཏན་ཁེལ་ཡོད་པ་བཅས།།
གསར་གནས།
འབྲེལ་གནས།