༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༤ ཚེས་ ༢༤ ཉིན་ཨིན་ཡུལ་ནང་རྟེན་གཞི་བྱས་པའི་མང་གཙོའི་གླེང་སྟེགས་ (The Democracy Forum) ཞེས་པའི་ཚོགས་པའི་གོ་སྒྲིག་འོག་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དྲ་ལམ་བརྒྱུད་རྒྱ་ནག་དམར་ཤོག་གཞུང་གིས་བོད་ལ་མི་ལོ་ ༧༢ རིང་མི་སེར་སྤེལ་བའི་དབང་བསྒྱུར་བྱས་པ་ (Seventy-two Years of Chinese Colonial Rule in Tibet) ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད།
དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་དོན། རྒྱ་ནག་དམར་ཤོག་གཞུང་གིས་ཕྱི་ལོ་ ༡༩༥༡ ལོར་བོད་དང་ལྷན་དུ་བཙན་དབང་གིས་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་པ་ཞིག་བཞག་བཅུག་པར་བརྟེན་ནས་ཕྱི་ལོ་ ༡༩༧༦ བར་མའོ་ཙེ་ཏུང་གི་དུས་རབས་མ་རྫོགས་བར་དུ་བོད་ནང་རིག་གནས་གསར་བརྗེ་ཞེས་པའི་ལས་འགུལ་སྤེལ་ནས་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་ཀྱི་ཐད་གནོད་སྐྱོན་ཚབས་ཆེན་ཐེབས་པའི་སྐོར་དང་། རྒྱ་ནག་གི་སྲིད་འཛིན་ཏིང་ཞའོ་ཕིང་གི་དུས་སྐབས་ཏེ་ཕྱི་ལོ་ ༡༩༧༩ ནས་ ༡༩༨༤ བར་བོད་ནང་གི་དངོས་ཡོད་གནས་སྟངས་རྟོག་ཞིབ་སླད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ཚོགས་ཆུང་བོད་ནང་ལྟ་སྐོར་དང་བོད་རྒྱའི་བར་གྲོས་མོལ་གནང་ཐུབ་ཡོད་པ། ཕྱི་ལོ་ ༡༩༩༠ ནང་བོད་རྒྱའི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་པ་དང་། ཕྱི་ལོ་ ༢༠༠༢ ནས་ ༢༠༡༠ བར་བོད་རྒྱའི་གྲོས་མོལ་བསྐྱར་གསོ་བྱུང་སྟེ་བོད་རྒྱའི་བར་གྲོས་མོལ་ཐེངས་དགུ་ཙམ་བྱུང་ཡོད། ཅེས་དང་།
རྒྱ་ནག་དམར་ཤོག་གཞུང་གིས་བོད་ལ་མི་ལོ་ ༧༢ རིང་མི་སེར་སྤེལ་བའི་དབང་བསྒྱུར་བྱས་པའི་ཉེར་ལེན་ལ་བརྟེན་ནས་རང་དབང་ཁང་པའི་སྙན་ཐོའི་ནང་བོད་ནི། འཛམ་གླིང་ནང་ཆེས་རང་དབང་མེད་པའི་ལུང་པ་ཡིན་པ་འཁོད་གནང་ཡོད་པ། རྒྱ་ནག་གཞུང་གིས་བོད་མིའི་ངོ་བོ་རྩ་གཏོར་གྱི་སྲིད་བྱུས་དང་ལས་གཞི་ཁག་ལག་བསྟར་བྱས་དང་བྱེད་བཞིན་ཡོད་སྟབས་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག ཁོར་ཡུག་བཅས་རིམ་པས་རྩ་བརླག་དང་ཉམས་ཆག་ཏུ་འགྲོ་དང་འགྲོ་མུས་ཡིན་པ་སོགས་ཀྱི་སྐོར་གསུངས་ཡོད།
གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས། རྒྱ་ནག་གཞུང་གིས་བོད་པའི་ཕྲུ་གུ་ས་ཡ་གཅིག་ཙམ་ཕ་མ་དང་ཁ་བྲལ་བཅུག་སྟེ་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭ་ཁག་ཏུ་བཏང་བ་དང་། བོད་མིའི་ཐུན་མོང་མིན་པའི་ཡང་སྲིད་ངོས་འཛིན་ལམ་ལུགས་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཐད་ཐེ་བྱུས་བྱེད་བཞིན་པ་དང་། ད་བར་བོད་ནང་བོད་མི་གྲངས་ ༡༥༧ ལྷག་གིས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་བོད་མིའི་བདེན་མཐའ་གསལ་ཐུབ་ན་སྙམ་པའི་རེ་འདུན་ཡིད་ལ་བཅངས་ནས་རང་ལུས་མེར་སྲེག་བཏང་ཡོད་པ་སོགས་ཀྱི་སྐོར་གསུངས།
དཔལ་ལྡན་སྲིད་སྐྱོང་མཆོག་གིས་དྲ་ལམ་བརྒྱུད་མང་གཙོའི་གླེང་སྟེགས་སུ་རྒྱ་ནག་དམར་ཤོག་གཞུང་གིས་བོད་ལ་མི་ལོ་ ༧༢ རིང་མི་སེར་སྤེལ་བའི་དབང་བསྒྱུར་བྱས་པ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་སྐབས་བྷི་བྷི་སིའི་གསར་འགོད་པ་ཟུར་པ་ཧེམ་པི་རི་ (Humphrey Hawksley) ལགས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཨིན་ཡུལ་གྱི་གྲོས་ཚོགས་འཐུས་མི་དང་ཨིན་ཡུལ་གྱི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་ཀྲྀ་སི་ལོ་ (Chris Law) ལགས་དང་། སི་ཀོ་ཊིའི་ཧི་མ་ལ་ཡ་ཉམས་ཞིབ་ལྟེ་གནས་ཁང་གི་ངེས་སྟོན་པ་མར་ཊིན་མིལ་ (Martin Mills) ལགས། ཝེ་སི་མིན་སི་ཊར་གཙུག་ལག་སློབ་གཉེར་ཁང་གི་གཙུག་ལག་སློབ་དཔོན་དིབ་ཡེཤ་ཨཱ་ནནྡ་ (Dibyesh Anand) ལགས། མང་གཙོའི་གླེང་སྟེགས་ཀྱི་ཚོགས་གཙོ་བྷེ་རི་གར་ཊི་ནར་ (Barry Gardiner) ལགས་བཅས་ཚོགས་འདུར་ལྷན་ཞུགས་གནང་ཡོད་པ་བཅས།།