༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༤ ཚེས་ ༢༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨིན་ཡུལ་རྒྱལ་ས་ལོན་ཌོན་གྱི་གནམ་ཐང་དུ་ཕེབས་འབྱོར་སྐབས་ཨིན་ཡུལ་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་དང་། གདན་ས་བཀྲ་ཤིས་ལྷུན་པོའི་དཀྱིལ་ཁང་རིན་པོ་ཆེ་མཆོག བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསྟན་འཛིན་ཀུན་དགའ་ལགས་ཀྱིས་གཙོས་པའི་ཚོགས་མི་རྣམ་པ་དང་། ས་གནས་བོད་རིགས་མང་ཚོགས་བཅས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།དེ་ཡང་ཕྱི་ཚེས་ ༢༤ ཉིན་ཨིན་ཡུལ་ནང་རྟེན་གཞི་བྱས་པའི་མང་གཙོའི་གླེང་སྟེགས་ (The Democracy Forum) ཞེས་པའི་ཚོགས་པའི་གོ་སྒྲིག་འོག་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དྲ་ལམ་བརྒྱུད་རྒྱ་ནག་དམར་ཤོག་གཞུང་གིས་བོད་ལ་མི་ལོ་ ༧༢ རིང་མི་སེར་སྤེལ་བའི་དབང་བསྒྱུར་བྱས་པ་ (Seventy-two Years of Chinese Colonial Rule in Tibet) ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་སྐབས་གཙོ་བོ་རྒྱ་ནག་དམར་ཤོག་གཞུང་གིས་བོད་ལ་མི་ལོ་ ༧༢ རིང་མི་སེར་སྤེལ་བའི་དབང་བསྒྱུར་བྱས་པའི་ཉེར་ལེན་ལ་བརྟེན་ནས་རང་དབང་ཁང་པས་སྙན་ཐོའི་ནང་བོད་ནི། འཛམ་གླིང་ནང་ཆེས་རང་དབང་མེད་པའི་ལུང་པ་ཡིན་པ་འཁོད་གནང་ཡོད་པ། རྒྱ་ནག་གཞུང་གིས་བོད་མིའི་ངོ་བོ་རྩ་གཏོར་གྱི་སྲིད་བྱུས་དང་ལས་གཞི་ཁག་ལག་བསྟར་བྱས་དང་བྱེད་བཞིན་ཡོད་སྟབས་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག ཁོར་ཡུག་བཅས་རིམ་པས་རྩ་བརླག་དང་ཉམས་ཆག་ཏུ་འགྲོ་དང་འགྲོ་མུས་ཡིན་པ་སོགས་ཀྱི་སྐོར་གསུངས་ཡོད།གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས། རྒྱ་ནག་གཞུང་གིས་བོད་མིའི་ཐུན་མོང་མིན་པའི་ཡང་སྲིད་ངོས་འཛིན་ལམ་ལུགས་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཐད་ཐེ་བྱུས་བྱེད་བཞིན་པ་དང་། ད་བར་བོད་ནང་བོད་མི་གྲངས་ ༡༥༧ ལྷག་གིས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་བོད་མིའི་བདེན་མཐའ་གསལ་ཐུབ་ན་སྙམ་པའི་རེ་འདུན་ཡིད་ལ་བཅངས་ནས་རང་ལུས་མེར་སྲེག་བཏང་ཡོད་པ་སོགས་ཀྱི་སྐོར་གསུངས།ཕྱི་ཚེས་ ༢༥ ཉིན་གྱི་སྔ་དྲོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨིན་ཡུལ་གྱི་གྲོས་ཚོགས་འོག་མའི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ཨེ་ལི་ཤི་ཡ་ཀེ་ཨན་སི་ (Alicia Kearns) ལགས་དང་མཇལ་འཕྲད་གནང་ཡོད་པ་དང་། ཉིན་རྒྱབ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨིན་ཡུལ་གྲོས་ཚོགས་འོག་མའི་ནང་ཨིན་ཡུལ་གྱི་གྲོས་ཚོགས་འོག་མའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཊིམ་ལུབ་ཊོན་ (Tim Loughton) མཆོག་དང་། གྲོས་ཚོགས་འཐུས་མི་ལྕམ་སྐུ་ཀེ་རི་མེ་ཁར་ཐི་ (Kerry McCarthy) ལགས། གྲོས་ཚོགས་འཐུས་མི་ལྕམ་སྐུ་ཝེ་ར་ཧོབ་ཧའོ་སི་ (Wera Hobhouse) ལགས་བཅས་དང་མཇལ་འཕྲད་གནང་ཡོད་པ་མ་ཟད། ཨིན་ཡུལ་གྱི་གྲོས་ཚོགས་འོག་མའི་ཚོགས་གཙོ་སྐུ་ཞབས་ལིན་སེ་ཧོ་ལེ་ (Sir Lindsay Hoyle) མཆོག་དང་མཇལ་འཕྲད་དང་ཨིན་ཡུལ་གྱི་གྲོས་ཚོགས་འོག་མའི་ཚོགས་འདུར་ཟུར་ཉན་དུ་ཕེབས་གནང་ཡོད།ཕྱི་ཚེས་ ༢༥ ཉིན་ཨིན་ཡུལ་གྱི་གྲོས་ཚོགས་སུ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨིན་ཡུལ་གྱི་ཆབ་སྲིད་ཚོགས་པ་ཡོངས་ཀྱི་གྲོས་ཚོགས་འཐུས་མིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་མདུན་དུ་བོད་ནང་གི་ཆོས་དད་རང་དབང་ཐོག་ཉན་ཞིབ་གནང་ཡོད། ཨིན་ཡུལ་གྱི་ཆབ་སྲིད་ཚོགས་པ་ཡོངས་ཀྱི་གྲོས་ཚོགས་འཐུས་མིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ནི། ཨིན་ཡུལ་གྱི་ཆབ་སྲིད་ཚོགས་པ་ཡོངས་ཀྱི་གྲོས་ཚོགས་འཐུས་མིའི་ཚོགས་པ་ཆེ་ཤོས་གྲས་ཤིག་ཡིན་ཞིང་། སྐབས་དེར་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོ་དགོན་པའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་དང་། ཞིང་གཤེགས་དམ་པ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ཚ་མོ་ཉི་མ་ལྷ་མོ་ལགས། ཨིན་ཡུལ་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་བཅས་མཉམ་ཞུགས་གནང་ཡོད།ཕྱི་ཚེས་ ༢༦ ཉིན་གྱི་ཕྱི་དྲོ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨིན་ཡུལ་གྱི་ཝེ་སི་མིན་སི་ཊར་གཙུག་ལག་སློབ་གཉེར་ཁང་ (University of Westminster) དུ་ “འགྲོ་བ་མིའི་ཐོབ་ཐང་དང་། བཙན་བྱོལ་ནང་གི་མང་གཙོ། བོད་དང་རྒྱ་ནག” ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད། གསུང་བཤད་ཀྱི་ལས་རིམ་དེ་ནི་ཝེ་སི་མིན་སི་ཊར་གཙུག་ལག་སློབ་གཉེར་ཁང་གི་སྤྱི་ཚོགས་ཚན་རིག་སྡེ་ཚན་གྱི་འགན་འཛིན་སློབ་དཔོན་ཆེན་མོ་སྐུ་ཞབས་ཌིབ་ཡེ་ཤི་ཨ་ནན་ཌ་ (Prof. Dibyesh Anand) ལགས་ཀྱིས་གོ་སྒྲིག་དང་། ཝེ་སི་མིན་སི་ཊར་གཙུག་ལག་སློབ་གཉེར་ཁང་གི་མང་གཙོ་ཤེས་ཡོན་བསྟི་གནས་ཁང་གིས་གཙོ་སྐྱོང་གནང་ཡོད་པ་བཅས། །