༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༣ ཟླ་བ་ ༤ ཚེས་ ༢༥ ཉིན་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་ཕྱག་བཏབ་ནས་ལོ་ངོ་ ༦༠ འཁོར་བ་དང་། བཙུན་དགོན་བཤད་སྒྲུབ་དར་རྒྱས་གླིང་ཕྱག་བཏབ་ནས་ལོ་ངོ་ ༣༠ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོར་ཆོས་རིག་བཀའ་བློན་མཆོག་གི་སྐུ་ཚབ་ཏུ་ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་ཆེད་ཕེབས་ཀྱིས་གསུང་བཤད་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་དྲུང་ཆེ་བསྟན་འཛིན་ཡེ་ཤེས་ལགས་ཀྱིས་མཛད་སྒོའི་མཛད་རིམ་སྙན་སྒྲོན་ཞུས་བསྟུན། རྣམ་གླིང་དབུ་འཛིན་མཆོག་སྤྲུལ་གྱང་ཁང་རིན་པོ་ཆེ་མཆོག་དང་མཆོག་སྤྲུལ་རྨུགས་སངས་སྐུ་ཆེན་རིན་པོ་ཆེ་མཆོག མཁན་ཆེན་རྣམ་གྲོལ་ཚེ་རིང་རིན་པོ་ཆེ་མཆོག མཁན་ཆེན་ཚེ་དབང་རྒྱ་མཚོ་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག བོད་མི་མང་སྤྱི་འཐུས་ལས་ཐོག་དང་སྤྱི་ཟུར་རྣམ་པ། ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་མཆོག བཀའ་ཟུར་དང་དྲུང་ཟུར་རྣམ་པ། སྦེལ་ཀོབ་ལུགས་བདེ་གཉིས་ཀྱི་ས་གནས་འགོ་འཛིན་གྱིས་གཙོས་ཀོ་ལི་གྷལ་དང་ཧོན་སུར་ས་གནས་འགོ་འཛིན། སློབ་གྲྭ་ཁག་གི་སློབ་སྤྱི་རྣམ་པ། ཚོགས་སྐྱིག་ཁག་གི་འགན་འཛིན་རྣམ་པ། དེ་བཞིན་ཕྱི་ནང་གི་སྐུ་མགྲོན་རྣམ་པ་སོགས་བཞུགས་གྲལ་དུ་འཁོད་མཚམས། དགོན་པའི་ཚོགས་ཆེན་དབུ་མཛད་ནས་འཕགས་པ་བཀྲ་ཤིས་བརྒྱད་པའི་འདོན་པ་དབུ་འཛུགས་དང་འབྲེལ། རྣམ་གླིང་དབུ་འཛིན་མཆོག་སྤྲུལ་གྱང་ཁང་རི་པོ་ཆེ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་རྣམ་གཉིས་ནས་མར་མེ་ཞལ་ཕྱེ་གནང་གྲུབ་བསྟུན། སྐུ་མགྲོན་རྣམ་པས་རིམ་བཞིན་རྟེན་གསུམ་དཀྱིལ་འཁོར་མདུན་དུ་མཇལ་དར་སྒྲོན་འབུལ་ཞུས་རྗེས་རྔ་རོལ་དང་བཅས་འཕགས་བོད་གཉིས་ཀྱི་རྒྱལ་གླུ་དབྱངས་སུ་གྱེར།
དེ་ནས་རྣམ་གླིང་དབུ་འཛིན་མཆོག་སྤྲུལ་གྱང་ཁང་རིན་པོ་ཆེ་མཆོག་གིས་འཚམས་འདྲིའི་གསུང་བཤད་གནང་གྲུབ་བསྟུན། སྐུ་མགྲོན་རྣམ་པས་རིམ་བཞིན་གསུང་བཤད་གནང་ཡོད་པ་དང་། དེ་བཞིན་རྣམ་གླིང་དབུ་འཛིན་མཆོག་སྤྲུལ་རྨུགས་སངས་སྐུ་ཆེན་རིན་པོ་ཆེ་མཆོག་གིས་སྐུ་མགྲོན་རྣམ་པར་དུས་ཚིགས་རྗེས་དྲན་གྱི་ཕྱག་རྟགས་གནང་། སྐབས་དེར་ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་ཀྱིས་ཞིང་གཤེགས་དམ་པ་༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་མཆོག་གིས་བསྟན་པ་སྤྱི་དང་བྱེ་བྲག་ཆེད་སྐུ་ལས་ཚད་མེད་སྐྱོན་ཡོད་པ་དང་། ལྷག་པར་གདན་ས་འདི་ནས་སློབ་གཉེར་མཐར་ཕྱིན་པའི་བསྟན་འཛིན་གྱི་སྐྱེས་ཆེན་རྣམ་པས་བསྟན་པ་སྤྱི་དང་བྱེ་བྲག་ཞབས་འདེགས་གྲུབ་དང་སྒྲུབ་མུས་སུ་ཡོད་པར་ཡི་རང་བསྔགས་བརྗོད་ཞུས་པ་དང་ཆབས་ཅིག་བསྟན་འགྲོའི་དོན་དུ་མུ་མཐུད་སྔར་ལྷག་ཞབས་འདེགས་ཞུ་དགོས་པ་སོགས་ཀྱི་གསུང་བཤད་གནང་ཡོད་པ་བཅས།།