༄༅། །འདི་གར་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོ
དེ་ནས་ཕྱི་ཟླ་ ༤ ཚེས་ ༣ ཉིན་དཔལ་ས་སྐྱ་༧གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས་ཐའེ་ཝན་དང་བོད་མི་ཆིག་སྟོང་ཙམ་ལ་ཐུགས་རྗེ་ཆེན་པོའི་བཀའ་དབང་སྩལ་སྐབས་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་ལས་བྱེད་ཆ་ཚང་དང་། ཐའེ་སྡོད་བོད་རིག་ཚོགས་པའི་ཚོགས་གཙོ་དང་ཚོགས་གཞོན་བཅས་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་ཡོད། དཔལ་ལྡན་ས་སྐྱ་གོང་མ་རིན་པོ་ཆེ་རྣམ་གཉིས་ནས་ཐའེ་ཝན་དུ་ཟླ་བ་གཅིག་ཙམ་རིང་ཆོས་ཕྱོགས་ཀྱི་མཛད་པ་རྒྱ་ཆེ་བསྐྱངས་བཞིན་པ་ལྟར། ཕྱི་ཟླ་ ༤ ཚེས་ ༡༦ ཉིན་རྒྱབ་ཆུ་ཚོད་ ༣ པའི་ཐོག་དོན་ཁང་གི་ལས་བྱེད་རྣམས་དང་། བོད་རིགས་མཐུན་ཚོགས་ཀྱི་རྒྱུན་ལས་རྣམ་པར་དམིགས་བསལ་མཇལ་ཁ་ཞུས་སྐབས། སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ཉེ་ལམ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བརྙན་ཐུང་དང་འབྲེལ་བའི་གནས་ཚུལ་དེའི་རྒྱབ་ལོགས་ཀྱི་གཡོ་བྱུས་དང་། རྒྱ་ནག་ཏུ་ཁྱབ་བརྡལ་གཏོང་ཕྱོགས། བོད་ནང་གི་བོད་མི་ཚོས་༧གོང་ས་མཆོག་མཇལ་རྒྱུ་རག་པའི་དགའ་ཚོར་སོགས་ཀྱི་སྐོར་སྙན་སེང་བསྡུས་ཙམ་ཞུས་རྗེས། དོན་གཅོད་ལས་ཁུངས་ནས་འདོན་སྤེལ་བྱེད་བཞིན་པའི་ཀུན་གསལ་འོད་སྣང་དུས་དེབ་ཀྱི་པར་ངོས་སུ་འཇོག་ཆེད་གོང་མ་རིན་པོ་ཆེ་མཆོག་གི་མཚན་རྟགས་བཀའ་དྲིན་ཞུས་གནང་མཛད་པ་དང་། ཚང་མ་དགའ་ཚོར་ཆེན་པོའི་ཐོག་དྲན་རྟེན་གྱི་སྐུ་པར་མཉམ་སྒྲོན་ཞུས་ཡོད་པ་རེད།གཞན་ཡང་ད་ལོ་ཕྱི་ཟླ་ ༡ ཚེས་ ༣༡ ཉིན་དཔལ་ཇོ་ནང་རྒྱལ་ཚབ་ཆོས་ཀྱི་སྣང་བ་རིན་པོ་ཆེ་མཆོག་ཐའེ་ཝན་དུ་ཕེབས་སྐབས་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཆེད་དུ་གནམ་ཐང་དུ་ཕེབས་སུ་བཅར་བ་དང་། སྤྱི་ཡོངས་་རིན་པོ་ཆེ་མཆོག་གི་མཛད་རིམ་སྐོར་བཀའ་མོལ་ལྷུག་པོ་ཞུས་ཡོད་པ་རེད།ཕྱི་ཟླ་ ༤ པའི་ནང་དཔལ་བྱང་རྩེ་ཆོས་རྗེ་སྒོ་སོག་རིན་པོ་ཆེ་མཆོག་ཐའེ་ཝན་དུ་ཕེབས་ཏེ་ཆོས་ཕྱོགས་ཀྱི་མཛད་པ་རྒྱས་པ་རྒྱ་ཆེ་བསྐྱང་བཞིན་པའི་སྐབས་ཕྱི་ཟླ་ ༤ ཚེས་ ༥ རེས་གཟའ་ལྷག་པའི་ཉིན་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཐའེ་ཝན་ཏང་ཧྲུལ་རིན་པོ་ཆེའི་གཟིམ་ཤག་ཏུ་མཇལ་བཅར་ཏེ་སྤྱི་ཡོངས་གནས་སྟངས་སྐོར་བཀའ་མོལ་ཞུས་པ་དང་། ཕྱི་ཟླ་ ༤ ཚེས་ ༨ ཉིན་ཐའེ་ཀྲུང་དུ་རིན་པོ་ཆེ་མཆོག་གིས་དད་ལྡན་མང་ཚོགས་བརྒྱ་ཕྲག་མང་པོར་སྒྲོལ་མ་ཉེར་གཅིག་དང་། དཔལ་ལྡན་ལྷ་མོའི་བཀའ་དབང་སྩལ་སྐབས་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཆེད་བསྐྱོད་ཀྱིས་འདི་ཕྱོགས་སུ་ཡོད་པའི་ཆོས་ཚོགས་མང་པོ་དང་འབྲེལ་བ་བཙུགས་པ་དང་། དམིགས་བསལ་ར་སྟོད་སྐྱོད་བླ་རིན་པོ་ཆེའི་རྗེས་དྲན་ཚོགས་ཆུང་དང་འབྲེལ་བ་བྱུང་སྟེ་མ་འོངས་ཐའེ་ཝན་ལྷོ་ཕྱོགས་སུ་བོད་ཀྱི་ཆོས་དང་རིག་གཞུང་སྤེལ་རྒྱུའི་ལས་འཆར་མང་པོ་སྒྲིག་ཐུབ་པ་བྱུང་ཡོད།ཕྱི་ཟླ་ ༤ ཚེས་ ༡༤ ཉིན་སེར་བྱེས་མཁན་རིན་པོ་ཆེ་དགེ་བཤེས་བཀྲ་ཤིས་ཚེ་ཐར་ཐའེ་ཝན་དུ་ཞབས་སོར་འཁོད་དེ་ཟླ་གཅིག་རིང་ཆོས་ཕྱོགས་ཀྱི་མཛད་པ་བསྐྱང་རྒྱུ་ཡིན་པ་ལྟར། ཕྱི་ཟླ་ ༤ ཚེས་ ༡༥ ཉིན་མཁན་རིན་པོ་ཆེ་སྐུ་འཁོར་དང་བཅས་སྐུ་ཚབ་དོན་གཅོད་ལས་ཁུངས་ལ་ཆེ་མཐོང་ཆེན་པོའི་ཐོག་ཟླ་གཅིག་གི་མཛད་རིམ་ངོ་སྤྲོད་གནང་བར་ཕེབས་སྐབས། སྐུ་ཚབ་དོན་གཅོད་དང་ལྟ་གྲུབ་སློབ་དཔོན་བསྟན་འཛིན་རྣམ་སྒྲོལ་རིན་པོ་ཆེ་གཉིས་ནས་དེང་སང་ཐའེ་ཝན་དུ་བོད་བརྒྱུད་ནང་བསྟན་གྱི་གནས་སྟངས་དང་། མཐོང་མཆན་གྱི་དཀའ་ངལ་སེལ་ཕྱོགས། བོད་ཀྱི་ཆོས་དང་རིག་གཞུང་སློབ་གྲྭ་ཁག་གི་ནང་སློབ་ཚན་འཁྲིད་ཕྱོགས་ཀྱི་ལས་འཆར་ཁག་ངོ་སྤྲོད་དང་འབྲེལ། རིན་པོ་ཆེ་སྐུ་འཁོར་དོན་ཁང་གི་ནང་ཆོས་འཛིན་གྲྭ་ལའང་གཟིགས་བསྐོར་ཞུས་ཡོད་པ་རེད།
ཕྱོགས་མཚུངས་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་ཐའེ་ཝན་ལྷོ་ཕྱོགས་གྲོང་ཁྱེར་ཐའེ་ནན་དུ་བོད་ཀྱི་ཆོས་དང་རིག་གཞུང་ངོ་སྤྲོད་ཀྱི་ལས་གཞི་ཞིག་སྤེལ་ཐབས་ཞུ་བཞིན་པ་ལྟར། ཕྱི་ཟླ་ ༣ ཚེས་ ༢༣ ཉིན་ཐའེ་ནན་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་སྐུ་ཞབས་ཡེ་ཙེ་ཧྲན་ (Tse-Shan Yen) ལགས་སྐུ་ཚབ་དོན་གཅོད་ལས་ཁུངས་སུ་ཆེད་ཕེབས་ཀྱིས་མ་འོངས་ལས་འགུལ་སྤེལ་ཕྱོགས་སྐོར་བཀའ་མོལ་ཞིབ་ཕྲ་ཞུས་ཡོད་པ་དང་བཅས། །