༄༅། །ཟླ་བ་རྗེས་མའི་ནང་སྟོབས་ཆེན་རྒྱལ་ཁབ་བདུན་ལས་གྲུབ་པའི་རྒྱལ་སྤྱིའི་དཔལ་འབྱོར་སྒྲིག་འཛུགས་ཀྱི་ཚོགས་ཆེན་ཞིག་ཉི་འོང་གི་གྲོང་ཁྱེར་ཧི་རོ་ཞི་མའི་ (Hiroshima) ནང་ཚོགས་གཏན་ཁེལ་ཡོད་པ་དང་བསྟུན། ཕྱི་ལོ་ ༢༠༢༣ ཟླ་བ་ ༤ ཚེས་ ༡༩ ཉིན་ཉི་འོང་གི་གྲོས་ཚོགས་འོག་མའི་ནང་བོད་དང་། ཡུ་གུར། ལྷོ་སོག ཧོང་ཀོང་བཅས་ཀྱི་སྐུ་ཚབ་རྣམ་པས་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་ཡོད། གསར་འགོད་ལྷན་ཚོགས་གཙོ་སྐྱོང་བ་ཧྥུ་མེ་ཧྥུ་རུ་ཀཱ་ཝ་ (Fumie Furukawa) ལགས་ཀྱིས་གསར་འགོད་ལྷན་ཚོགས་ཀྱི་དམིགས་ཡུལ་གཙོ་བོ་ནི། སྟོབས་ཆེན་རྒྱལ་ཁབ་བདུན་ལས་གྲུབ་པའི་རྒྱལ་སྤྱིའི་དཔལ་འབྱོར་སྒྲིག་འཛུགས་ཀྱི་དབུ་ཁྲིད་རྣམ་པར་བོད་དང་། ཡུ་གུར། ལྷོ་སོག ཧོང་ཀོང་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཇེ་ཞན་འགྲོ་བཞིན་པའི་སྐོར་ཐུགས་སྣང་སླེབ་ཏུ་འཇུག་ཐབས་ཡིན་སྐོར་གསུངས།
གསར་འགོད་ལྷན་ཚོགས་ཐོག་ཉི་འོང་གི་གྲོས་ཚོགས་འཐུས་མིའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་དང་གྲོས་ཚོགས་འཐུས་མི་མེ་སུ་བྷ་ཡ་ཞི་ཧི་རོ་མེ་ (Mitsubayashi Hiromi) ལགས་དང་། ཉི་འོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཨི་ཤཱི་ཀ་ཝ་ཨ་ཀི་མ་ས་ (Ishikawa Akimasa) ལགས། བོད་དང་། ཡུ་གུར། ལྷོ་སོག ཧོང་ཀོང་བཅས་ཀྱི་སྐུ་ཚབ་རྣམ་པ། དེ་བཞིན་གཞུང་དང་གཞུང་ཁོངས་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་ཁག་གཅིག་མཉམ་ཞུགས་གནང་ཡོད།
དེ་ཡང་གསར་འགོད་ལྷན་ཚོགས་ཐོག་ཉི་འོང་གི་གྲོས་ཚོགས་འཐུས་མིའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་དང་གྲོས་ཚོགས་འཐུས་མི་མེ་སུ་བྷ་ཡ་ཞི་ཧི་རོ་མེ་ལགས་ཀྱིས། འགྲོ་བ་མིའི་ཐོབ་ཐང་དང་། མང་གཙོ། ཁྲིམས་ཀྱི་དབང་བསྒྱུར་བཅས་ཀྱི་གལ་གནད་སྐོར་གསུངས། ཉི་འོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཨི་ཤཱི་ཀ་ཝ་ཨ་ཀི་མ་ས་ལགས་ཀྱིས། ཉི་འོང་གིས་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་སྲུང་སྐྱོབ་དང་། བོད་དང་། ཡུ་གུར། ལྷོ་སོག ཧོང་ཀོང་བཅས་ཀྱི་དོན་དུ་རྒྱབ་སྐྱོར་གནང་རྒྱུ་ཡིན་སྐོར་གསུངས་པ་མ་ཟད། རྒྱ་ནག་གཞུང་གིས་སོ་བའི་ཉེས་མིང་འོག་ཉི་འོང་གི་མི་སེར་ཁག་གཅིག་འཛིན་བཟུང་བྱས་ཡོད་པ་སོགས་ཀྱི་སྐོར་གསུངས།ཉི་འོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས། བོད་ནང་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་དང་དྲག་གནོན་བྱེད་བཞིན་པའི་སྐོར་དང་། དེ་བཞིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་རྒྱ་ནག་གཅིག་གི་སྲིད་བྱུས་ཀྱི་འབོད་སྒྲ་འོག་རྒྱ་ནག་གཞུང་གིས་བོད་དང་། ཡུ་གུར། ལྷོ་སོག་བཅས་སུ་ཆོས་དང་རིག་གཞུང་། ངོ་བོ་རྣམས་རྩ་བརླག་ཏུ་གཏོང་ཐབས་བྱེད་བཞིན་ཡོད་སྟབས། སྟོབས་ཆེན་རྒྱལ་ཁབ་བདུན་ལས་གྲུབ་པའི་རྒྱལ་སྤྱིའི་དཔལ་འབྱོར་སྒྲིག་འཛུགས་ཀྱི་དབུ་ཁྲིད་རྣམ་པས་རྒྱ་ནག་གཞུང་གིས་བོད་དང་། ཡུ་གུར། ལྷོ་སོག ཧོང་ཀོང་བཅས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་ཐད་ངོ་རྒོལ་གྱི་བསྒྲགས་གཏམ་ཤུགས་ཆེ་ཞིག་སྤེལ་དགོས་པའི་འབོད་སྐུལ་ཞུས་གནང་ཡོད།
ཉི་འོང་ཡུ་གུར་མཐུན་ཚོགས་ (Japan Uyghur Association) ཀྱི་སྐུ་ཚབ་ཨུ་ཌ་ཀེ་རིམ་ (Uda Kerim) ལགས་དང་། ལྷོ་སོགས་ལྷན་ཚོགས་ (Southern Mongolia Congress) ཀྱི་སྐུ་ཚབ་ཨོལ་ཧུན་ནུ་ཌི་ (Olhunnud Daichin) ལགས། རྒྱལ་སྤྱིའི་སོག་པོ་མི་མང་ཚོགས་པའི་ (World Mongolia People) སྐུ་ཚབ་ཨོ་ལན་ཆིམ་གེ་ (Olanchimge) ལགས། ཉི་འོང་ཧོང་ཀོང་མང་གཙོ་མནའ་འབྲེལ་ཚོགས་པའི་ (Japan Hong Kong Democracy Alliance) སྐུ་ཚབ་སམ་ཡིབ་ (Sam Yip) ལགས་བཅས་ནས་སོ་སོའི་ལུང་པའི་ནང་རྒྱ་ནག་དམར་ཤོག་གཞུང་གི་དབང་བསྒྱུར་འོག་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐོར་དང་། སྟོབས་ཆེན་རྒྱལ་ཁབ་བདུན་ལས་གྲུབ་པའི་རྒྱལ་སྤྱིའི་དཔལ་འབྱོར་སྒྲིག་འཛུགས་ཀྱི་དབུ་ཁྲིད་རྣམ་པས་རྒྱ་ནག་དམར་ཤོག་གཞུང་གིས་འགྲོ་བ་མིའི་རིགས་ལ་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བཞིན་པའི་སྐོར་ཐུགས་སྣང་གནང་དགོས་པའི་འབོད་སྐུལ་ཞུས་གནང་རྗེས་གསར་འགོད་པའི་དྲི་བ་ཁག་ལ་ལན་འདེབས་གནང་ཡོད།བོད་དང་། ཡུ་གུར། ལྷོ་སོག ཧོང་ཀོང་བཅས་ཀྱི་སྐུ་ཚབ་རྣམ་པ་ཐུན་མོང་གིས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་དང་། ཆོས་དད་དང་སྐད་ཡིག་གི་ཐོབ་ཐང་ཐོག་དྲག་གནོན་བྱེད་བཞིན་པ་འཕྲལ་དུ་མཚམས་འཇོག་བྱེད་དགོས་པའི་རེ་སྐུལ་གྱི་བསྒྲགས་གཏམ་ཞིག་སྤེལ་ཏེ་ཉི་ཧོང་གི་གྲོས་ཚོགས་འཐུས་མིའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་དང་གྲོས་ཚོགས་འཐུས་མི་མེ་སུ་བྷ་ཡ་ཞི་ཧི་རོ་མེ་ལགས་བརྒྱུད་སྟོབས་ཆེན་རྒྱལ་ཁབ་བདུན་ལས་གྲུབ་པའི་རྒྱལ་སྤྱིའི་དཔལ་འབྱོར་སྒྲིག་འཛུགས་ཀྱི་དབུ་ཁྲིད་རྣམ་པར་འབུལ་དགོས་པའི་རེ་སྐུལ་ཞུས་གནང་ཡོད་པ་མ་ཟད། དེ་སྔ་ཨ་རིའི་གྲོས་ཚོགས་ནས་གཏན་འབེབས་གནང་བའི་རྒྱལ་སྤྱིའི་མེག་ནི་སི་ཀི་ཁྲིམས་ (Global Magnitsky Act) ལག་བསྟར་གནང་དགོས་པའི་རེ་སྐུལ་ཡང་ཞུས་གནང་ཡོད།
གཞན་ཡང་གསར་འགོད་ལྷན་ཚོགས་ཐོག་ཉི་འོང་གི་ནང་བསྟན་མཐུན་ཚོགས་ཀྱི་སྐུ་ཚབ་ཀོ་བྷ་ཡ་ཞི་ (Kobayashi Shuei) ལགས་དང་ཝ་ཀའོ་མེ་ཊ་ཀ་ཞི་ (Wakaomi Takashi) ལགས། ཉི་འོང་སྐུ་ཚབ་དོན་གཅོད་ཁང་གི་འབྲེལ་ཡོད་ལས་བྱེད་ཚེ་ལྷ་ལགས། ཉི་འོང་བོད་རིགས་ཚོགས་པའི་ཚོགས་གཙོ་བསྟན་འཛིན་ཤེས་རབ་ལགས། ཉི་འོང་བོད་རིགས་ཚོགས་པའི་བསོད་ནམས་སྒྲོལ་དཀར་ལགས་བཅས་མཉམ་ཞུགས་ཀྱིས་བོད་ལ་ཁྱེད་ཅག་གི་རོགས་སྐྱོར་དགོས་ (Tibet Needs Your Help) ཞེས་དཔེ་དེབ་འགྲེམ་སྤེལ་གནང་ཡོད་པ་བཅས།།