༄༅། །དེ་རིང་ནི་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ (དགེ་འདུན་ཆོས་ཀྱི་ཉི་མ།) མཆོག་དགུང་ལོ་ ༣༤ ཕེབས་པའི་འཁྲུངས་སྐར་འཁེལ་ཡོད། པཎ་ཆེན་རིན་པོ་ཆེ་མཆོག་དགུང་ལོ་དྲུག་ལ་སོན་པའི་སྐབས་ནང་མི་སྐུ་འཁོར་དང་བཅས་པ་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་བཏང་སྟབས། སྐུའི་འཁྲུངས་སྐར་དེ་བཞིན་བོད་མི་རྣམས་ལ་མཚོན་ན་དགའ་སྟོན་གྱི་ཉིན་མོ་ཞིག་ཡིན་ནའང་ད་ཆ་ཉིན་དེ་ནི་པཎ་ཆེན་རིན་པོ་ཆེ་རྒྱ་གཞུང་གིས་བཙན་བཟུང་གིས་གར་སོང་ཆ་མེད་བཏང་བའི་དྲན་གསོའི་ཉིན་མོ་ཞིག་ཏུ་གྱུར་ཡོད།
༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་མཆོག་ནི་ཕྱི་ལོ་ ༡༩༨༩ ཟླ་བ་ ༠༤ ཚེས་ ༢༥ ཉིན་བོད་མདོ་ཁམས་ནག་ཆུ་ལྷ་རིར་ཡབ་དཀོན་མཆོག་ཕུན་ཚོགས་དང་ཡུམ་བདེ་ཆེན་ཆོས་སྒྲོན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། ཕྱི་ལོ་ ༡༩༩༥ ཟླ་བ་ ༠༥ ཚེས་ ༡༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་གི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་གནང་། གནང་སྒོ་དེ་ལ་བརྟེན་ནས་རྒྱ་ནག་གཞུང་གིས་འཆར་གཞི་ལྟར་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ལ་དོ་ཕོག་ཕྱིན་པས་ཕྱི་ལོ་ ༡༩༩༥ ཟླ་བ་ ༠༥ ཚེས་ ༡༧ ཉིན་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་ནང་མི་སྐུ་འཁོར་བཅས་གར་སོང་ཆ་མེད་དུ་བཏང་སྟེ། ཁོང་ཉིད་འཛམ་གླིང་སྟེང་གི་ཆབ་སྲིད་བཙོན་པ་ཆུང་ཤོས་སུ་གྱུར།
པཎ་ཆེན་སྐུ་ཕྲེང་རིམ་བྱོན་ནི་བོད་ཀྱི་ཆེས་མཐོའི་ཆོས་ཕྱོགས་ཀྱི་མགོན་སྐྱབས་ཙམ་མ་ཟད། ༸རྒྱལ་བ་སྐུ་ཕྲེང་རིན་བྱོན་དང་བླ་སློབ་དམ་ཚིག་འོ་ཆུ་གཅིག་འདྲེས་ཚུལ་དུ་གནས་པས་གནམ་ལ་ཉི་མ་ཟླ་བ། ས་ལ་རྒྱལ་བ་པཎ་ཆེན་ཞེས་འབོད་སྲོལ་མཆིས། ༸རྒྱལ་བ་ཡབ་སྲས་རྣམ་གཉིས་ནས་ཆོས་ཕྱོགས་ཁོ་ན་མ་ཡིན་པར་བོད་མིའི་ཆབ་དཔལ་རིག་གསུམ་ཐོག་ལའང་མཛད་འཕྲིན་རླབས་པོ་ཆེ་བསྐྱངས་གནང་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ནི་དམིགས་བསལ་གྱི་འགན་ཁྲི་ཡོད་པའི་གལ་ཆེའི་མི་སྣ་ཞིག་ཡིན་པ་དང་། ཁོང་གིས་༸རྒྱལ་བ་རིན་པོ་ཆེའི་མཛད་པ་འཕྲིན་ལས་རྒྱུན་སྐྱོང་གནང་དགོས་ཞེས་གསུངས་ཡོད།
ལོ་རྒྱུས་ནང་པཎ་ཆེན་སྐུ་ཕྲེང་ན་རིམ་གྱིས་བོད་མིའི་སྤྱི་ཚོགས་ཀྱི་དགེ་ཕན་སླད་མཛད་རྗེས་རླབས་ཆེན་བཞག་གནང་ཡོད་པ་དང་། ཁྱད་པར་དུ་པཎ་ཆེན་སྐུ་ཕྲེང་བཅུ་པ་བློ་བཟང་འཕྲིན་ལས་ཆོས་ཀྱི་རྒྱལ་མཚན་མཆོག་གིས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པ་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོའི་ཐད་མཛད་འཕྲིན་རླབས་ཆེན་བསྐྱངས་གནང་ཡོད། དཔའ་མཛངས་ཐུགས་རྒྱ་ཆེ་བ་ལ་རྒྱབ་མདུན་ངོ་ལྐོག་བྲལ་བའི་དཔའ་བོ་ཁོང་ནི་བོད་ཀྱི་ཉེ་རབས་ལོ་རྒྱུས་ནང་གི་དབང་ཐང་ཆེ་བའི་དབུ་ཁྲིད་ཅིག་ཡིན། ཕྱི་ལོ་ ༡༩༦༢ ལོར་ཁོང་གིས་བོད་མི་མང་གི་དཀའ་སྡུག་དང་རྒྱ་གཞུང་གི་དྲག་གནོན་དངོས་གཟིགས་ཀྱིས་བོད་མིའི་མངོན་འདོད་གཞིར་བཟུང་གནས་སྟངས་ཡར་རྒྱས་གཏོང་དགོས་པའི་ཞུ་སྙན་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་ཞེས་པ་རྒྱ་ནག་གཞུང་ལ་ཕུལ། གནང་སྒོ་དེར་རྒྱ་གཞུང་ཡི་མ་རངས་པས་མའུ་ཙེ་ཏུང་གིས་པཎ་ཆེན་རིན་པོ་ཆེ་མེས་རྒྱལ་གྱི་ཁ་གཏད་ཡིན་པར་སྙད་བཏགས་པ་མ་ཟད། ཕྱི་ལོ་ ༡༩༦༤ ནས་ ༡༩༧༧ བར་མི་ལོ་ ༡༣ རིང་བཙོན་འཇུག་བྱས་ཏེ་དཀའ་སྡུག་མནར་གཅོད་ཚད་མེད་བཏང་། མཐར་བཙོན་གྲོལ་ཐོབ་ནས་ཕྱི་ལོ་ ༡༩༨༢ ཟླ་བ་ ༠༦ ནང་བོད་དུ་ཕེབས་རྗེས་ཁོང་གིས་སླར་ཡང་མུ་མཐུད་ཐུགས་དཔའ་མཛངས་ཆེན་པོས་བོད་ཀྱི་ཆོས་དང་རིག་གཞུང་སླར་གསོའི་ཐད་མཛད་འཕྲིན་རྒྱ་ཆེ་བསྐྱངས་ཤིང་། མཐའ་མཇུག་ཕྱི་ལོ་ ༡༩༨༩ ཟླ་བ་ ༠༢ ཚེས་ ༢༨ ཉིན་དྭོགས་གཞི་ཆེན་པོའི་འོག་དགོངས་པ་ཆོས་དབྱིངས་སུ་ཐིམ།
རྒྱ་ནག་གཞུང་གིས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་མཆོག་བཙན་བཟུང་གིས་རྒྱལ་མཚན་ནོར་བུ་ཞེས་པ་པཎ་ཆེན་རིན་པོ་ཆེར་བསྐོ་གཞག་བྱས་པ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ལ་སྟངས་འཛིན་དང་། རྒྱ་ནག་གཞུང་གིས་བོད་ཐོག་ཁྲིམས་འགལ་བཙན་བཟུང་བྱས་པ་ཁྲིམས་མཐུན་བཟོ་ཐབས་ཀྱི་ཆབ་སྲིད་ཀྱི་གཡོ་བྱུས་ཤིག་ལས་མ་འདས། རྒྱ་ནག་དམར་ཤོག་གཞུང་གིས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་འདས་པའི་མི་ལོ་ ༢༧ རིང་བཙན་བཟུང་བཀག་ཉར་བྱས་པ་དེ་ལ་མཚོན་ན། རྒྱལ་སྤྱིའི་ཁྲིམས་ཡིག་ནང་གསལ་འགྲོ་བ་མིའི་ཐོབ་ཐང་ཁག་ལ་རྡོག་རོལ་བརྩིས་མེད་བཏང་བ་ཆགས་ཡོད་ཅིང་། རྒྱལ་སྤྱིའི་ཁྲིམས་དེ་དག་ཁ་ཤས་ལ་རྒྱ་ནག་གཞུང་གིས་ས་ཡིག་བརྒྱབ་ཡོད་པས་ཐོབ་ཐང་དེ་རིགས་རྒྱ་གཞུང་ནས་ངེས་པར་བརྩི་སྲུང་བྱེད་དགོས་ངེས་རེད།
༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་མཆོག་གི་འཁྲུངས་སྐར་ཉིན་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ནས་༸ཀུན་གཟིགས་པཎ་ཆེན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་མཆོག་གི་འཁྲུངས་སྐར་ཉིན་གང་ཉིད་སྐུ་ཁམས་འཕྲོད་བཞེས་བདེ་བའི་གསོལ་འདེབས་ཞུ་རྒྱུ་མ་ཟད། གོ་སྐབས་འདི་བརྒྱུད་ང་ཚོས་རྒྱལ་སྤྱིའི་སྲིད་གཞུང་དང་། གྲོས་ཚོགས། གཞུང་ཁོངས་མིན་པའི་ཚོགས་སྡེ། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཁག ནང་པའི་རྗེས་འབྲང་བ། དེ་བཞིན་མི་སྒེར་བ་སོགས་ཐུན་མོང་ནས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་རྒྱ་གཞུང་གིས་གར་སོང་ཆ་མེད་བཏང་བར་མུ་མཐུད་མྱ་ངན་ཐུགས་འཚབ་གནང་རྒྱུ་མཚོན། རྒྱ་ནག་གཞུང་ལ་རྒྱལ་སྤྱིའི་ཁྲིམས་ཡིག་ལ་བརྩི་སྲུང་དང་པཎ་ཆེན་རིན་པོ་ཆེ་ནང་མི་སྐུ་འཁོར་བཅས་འཕྲལ་དུ་གློད་བཀྲོལ་སླད་གནོན་ཤུགས་བསྟུད་མར་སྤྲད་པར་ཐུགས་རྗེ་ལེགས་འབུལ་ཞུ་རྒྱུ་ཡིན།
དེ་བཞིན་ང་ཚོས་རྒྱ་ནག་གཞུང་ནས་བོད་མིའི་གཞི་རྩའི་རང་དབང་ལ་བརྩི་སྲུང་བྱས་ཐོག་བོད་ཀྱི་ཆོས་ཕྱོགས་དབུ་ཁྲིད་དང་དབང་ཐང་ཆེ་བའི་མི་སྣ་རྣམས་གར་སོང་ཆ་མེད་གཏོང་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། ཇི་སྲིད་རྒྱ་ནག་གཞུང་གིས་པཎ་ཆེན་རིན་པོ་ཆེའི་སྐོར་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་ཀྱིས་ཁོང་དང་ནང་མི་སྐུ་འཁོར་ལྷན་རྒྱས། བྱ་བྲལ་རིན་པོ་ཆེ་མཆོག་བཅས་གློད་བཀྲོལ་མ་གཏང་བར་དེ་སྲིད་དུ་ང་ཚོས་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་དང་བོད་མིའི་ཆོས་དད་རང་དབང་ལ་སྣང་ཆུང་བཏང་བ་ཐེར་འདོན་ཆེད་རྒྱལ་སྤྱིའི་སྡིངས་ཆའི་སྟེང་མུ་མཐུད་ཞུ་གཏུག་བྱ་རྒྱུ་ཡིན། ཞེས་གསུངས་ཡོད་པ་རེད། །