༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༣ ཚེས་ ༢༨ ཉིན་ཨ་རིའི་བོད་དོན་ཞུ་གཏུག་ཉིན་མོ་དང་སྟབས་བསྟུན་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚུགས་ཆུང་གིས་ (Preserving Tibet: Cultural Erasure, Forced Assimilation and Transnational Repression) ཞེས་པའི་བོད་དོན་ཉན་ཞིབ་གོ་སྒྲིག་གནང་བ་དང་ཆབས་ཅིག་གྲོས་ཚོགས་གོང་འོག་གི་སྲིད་དོན་ཚོགས་པ་ཟུང་སྦྲེལ་གྱིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་སྐོར་གསར་འགོད་གསལ་བསྒྲགས་ཤིག་ཀྱང་སྤེལ་ཡོད།
དེ་ཡང་ཉན་ཞིབ་ཀྱི་ཐོག་མར་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ཀྲྀ་སི་སི་མིཊ་ (Chris Smith) མཆོག་དང་། ཚོགས་གཙོའི་ལས་རོགས་ཇེཕ་མར་ཀི་ལི་ (Jeff Merkley) མཆོག གྲོས་ཚོགས་འཐུས་མི་མི་ཁེ་ལ་ཨིས་ཀྲིལ་ (Michelle Steel) མཆོག གྲོས་ཚོགས་འཐུས་མི་ཛ་ཅ་རི་ནོན་ (Zachary Nunn) མཆོག ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ཨ་ཛ་ར་ཛེ་ཡ་ (Uzra Zeya) མཆོག་བཅས་ནས་དབུ་འབྱེད་གསུང་བཤད་གནང་ཡོད་པ་དང་། དེ་ནས་དངོས་གཞིའི་ཉན་ཞིབ་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་རི་ཅར་ཌི་གྷེར་ (Richard Gere) མཆོག བོད་དོན་ལས་འགུལ་བསྟི་གནས་ཁང་གི་བཀྲས་ཐོང་ལྷ་སྒྲོན་ལགས་དང་བསྟན་འཛིན་རྡོ་རྗེ་ལགས་བཅས་ནས་བདེན་དཔང་གསུང་བཤད་གནང་ཡོད་པ་རེད། ཉན་ཞིབ་ལས་རིམ་གྲུབ་མཚམས་མང་གཙོ་ཚོགས་པའི་འགོ་ཁྲིད་གསར་པ་ཧ་ཀིམ་ཇེཕ་རི་ (Hakeem Jefferies) མཆོག་དང་ལྷན་མཇལ་མོལ་གོ་སྒྲིག་གནང་བ་ལྟར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་རི་ཅར་ཌི་གྷེར་མཆོག་དང་། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བར་བརྒལ་འགན་འཛིན་བུ་ཆུང་ཚེ་རིང་ལགས། བར་བརྒལ་འགན་འཛིན་གཞོན་པ་བསྟན་ཆོས་རྒྱ་མཚོ་ལགས། ཨ་རི་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་བཅས་ལྷན་བཅར་ཞུས་ཏེ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་དང་། ཨ་རིའི་གྲོས་ཚོགས་སུ་ངོ་སྤྲོད་ཞུས་ཟིན་པའི་བོད་དོན་ཁྲིམས་འཆར་སྐོར་སྙན་སེང་ཞུས་ཡོད་པ་རེད།
ཉིན་རྒྱབ་ཨ་རིའི་གྲོས་ཚོགས་གོང་འོག་གི་སྲིད་དོན་ཚོགས་པ་ཐུན་མོང་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ (Promoting a Resolution to the Tibet-China Conflict Act) སྐོར་གསར་འགོད་གསལ་བསྒྲགས་སྤེལ་ཐོག་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་མ་ཧི་ཀལ་མེ་ཀོལ་ (Michael McCaul) མཆོག་དང་། གྲོས་ཚོགས་ཀྱི་ (rules ranking) ལས་དོན་ཚོགས་ཆུང་གི་ཚོགས་མི་ཇིམ་མེག་གོ་ཧན་ (Jim McGovern) མཆོག གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ཇེཕ་མར་ཀི་ལི་ (Jeff Merkley) མཆོག ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་མི་ཀྲོཊ་ཡོང་ (Todd Young) མཆོག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་རི་ཅར་ཌི་གྷེར་མཆོག་བཅས་ནས་གསར་འགོད་པར་གསུང་བཤད་གནང་ཡོད།
གསར་འགོད་གསལ་བསྒྲགས་སྐབས་བོད་དོན་ཞུ་གཏུག་གི་ཚོགས་མི་རྣམས་ཀྱང་མཉམ་ཞུགས་ཀྱིས་བོད་དོན་ཁྲིམས་འཆར་འདོན་གནང་བར་ཐུགས་རྗེ་ལེགས་འབུལ་ཞུས། གཞན་ཡང་བོད་དོན་ཁྲིམས་འཆར་དེར་རྒྱབ་སྐྱོར་གྱི་ཚུལ་དུ་གྲོས་ཚོགས་འཐུས་མི་ནི་ཀོལ་མ་ལིའོ་ཏ་ཀིས་ (Nicole Malliotakis) མཆོག་དང་། གྲོས་ཚོགས་འཐུས་མི་མ་ཧི་ཀལ་ལའུ་ལར་ (Michael Lawler) མཆོག་ཀྱང་མཉམ་ཞུགས་གནང་ཡོད། ཉེ་ལམ་ཨ་རིའི་གྲོས་ཚོགས་སུ་ངོ་སྤྲོད་ཞུས་པའི་བོད་དོན་ཁྲིམས་འཆར་དེ་ནི་རྒྱུན་རིང་སེལ་མ་ཐུབ་པའི་བོད་རྒྱའི་དཀའ་རྙོག་དེ་བཞིན་གྲོས་མོལ་ལམ་ནས་སེལ་ཐབས་སླད་དམིགས་ཏེ་ངོ་སྤྲོད་ཞུས་པ་ཞིག་ཡིན། གསར་འགོད་གསལ་བསྒྲགས་གྲུབ་རྗེས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་རི་ཅར་ཌི་གྷེར་མཆོག་དང་། ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བར་བརྒལ་འགན་འཛིན་བུ་ཆུང་ཚེ་རིང་ལགས་དང་། བར་བརྒལ་འགན་འཛིན་གཞོན་པ་བསྟན་ཆོས་རྒྱ་མཚོ་ལགས། དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་བཅས་ནས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནན་སི་པི་ལོ་སོ་མཆོག་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་གཏུག་ཉིན་མོ་དང་། བོད་དོན་དང་འབྲེལ་བའི་ཁྲིམས་འཆར་སྐོར་སྙན་སེང་ཞུས་ཡོད་པ་རེད།ཕྱི་དྲོ་གྲོས་ཚོགས་འཐུས་མི་ཀྲྀ་སི་སི་མིཊ་མཆོག་གིས་གྲོས་ཚོགས་འོག་མའི་ཚོགས་གཙོ་ཀེ་ཝིན་མེག་ཀར་ཐི་ (Kevin McCarthy) མཆོག་དང་ལྷན་མཇལ་མོལ་གོ་སྒྲིག་ཞུས་ཏེ་ཁོང་ལ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་རི་ཅར་ཌི་གྷེར་མཆོག་དང་། ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ནས་བོད་ནང་གི་ཛ་དྲག་གནས་སྟངས་དང་ཨ་རིའི་བོད་དོན་དང་འབྲེལ་བའི་ཁྲིམས་འཆར་སྐོར་ངོ་སྤྲོད་སྙན་སེང་ཞུས་ཡོད་པ་རེད།སྤྱིར་འདི་ལོའི་ཕྱི་ཟླ་གཉིས་པའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨ་རིར་ཕེབས་སྐབས་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་གསར་པ་སྐུ་ཞབས་ཀྲྀ་སི་སི་མིཊ་མཆོག་དང་མཇལ་མོལ་གནང་ཡོད་ཅིང་། སྐབས་དེར་ཁོང་གིས་བོད་ནང་གི་ད་ལྟའི་གནས་སྟངས་གསལ་སྟོན་གྱི་ཉན་ཞིབ་གོ་སྒྲིག་གནང་རྒྱུའི་ཞལ་བཞེས་གནང་བ་མ་ཟད། དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལའང་བདེན་དཔང་གསུང་བཤད་གནང་དགོས་པའི་རེ་སྐུལ་གནང་ཡོད་པ་བཅས།།