༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༣ ཚེས་ ༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སོག་པོའི་རྒྱལ་ས་ཨུ་ལན་སྦ་ཌར་ (Ulaanbaatar) གྱི་དགའ་ལྡན་ཐེག་ཆེན་གླིང་དགོན་པ་གཙོས་པའི་བོད་སོག་གི་བླ་སྤྲུལ་ཁག་གཅིག་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་དཔལ་འཁོར་ལོ་སྡོམ་པ་བདེ་མཆོག་ནག་པོ་པའི་བཀའ་དབང་དངོས་གཞི་བཀའ་དྲིན་སྩལ་ཡོད་པ་རེད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧ ཡོལ་ཙམ་ལ་མགོན་པོ་གང་ཉིད་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་སྒྱུར་གྱིས་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་ཆུ་ཚོད་གཅིག་ཙམ་རིང་སྒྲུབ་ཞག་མཛད་པ་དང་། སྒྲུབ་ཞག་རྗེས་སུ་བགེགས་གཏོར་དང་འབྲེལ་ནས་བཀའ་སློབ་སྩལ་དོན། ཤེས་རབ་སྙིང་པོ་ནི་གོ་རྒྱུ་ཆེན་པོ་ཧ་ཅང་ཡག་པོ་འདུག ཤེས་རབ་སྙིང་པོ་འདོན་པའི་སྐབས་སུ་སེམས་ལ་བཅོམ་ལྡན་འདས་ཀྱིས་འདི་ལྟར་གསུངས་འདུག་ཅེས་བསམ་བློ་ཡག་པོ་གཏོང་ཐུབ་ན། ཤེས་རབ་སྙིང་པོ་ལས་ལྷག་མེད་པ་ལྟ་བུ་འདུག སྟོང་ཉིད་ཧ་ཅང་ཞིབ་ཚགས་པོ་གསུང་གི་འདུག་ལ། སྟོང་པ་ཉིད་སྒོམ་པའི་ཐོག་ནས་རིམ་བཞིན་སྤང་རྟོགས་མཐར་ཕྱིན་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཞིག་གསུང་ཡོད་པ་རེད། ཧ་ཅང་ཡག་པོ་འདུག ཅེས་དང་།གདོན་དང་བགེགས་ཞེས་ང་ཚོའི་ཕྱི་ལོགས་སུ་མཛུབ་མོ་འཛུགས་ས་ཕལ་ཆེེར་མི་འདུག གདོན་བགེགས་དངོས་ནི་ང་ཚོའི་ནང་གི་བདེན་འཛིན་དང་རང་གཅེས་འཛིན་གཉིས་པོ་རེད། ང་ཚོས་བགེགས་བསྐྲད་ཟེར་དུས་སོ་སོའི་སེམས་གཏིང་ན་ཡོད་པའི་བདེན་འཛིན་དང་། རང་གཅེས་འཛིན་གཉིས་པོ་གཅག་རྒྱུ་མ་གཏོགས། སེམས་ཀྱི་བདེན་འཛིན་དང་རང་གཅེས་འཛིན་གཉིས་གྲུ་བཞི་ལྷིང་ངེར་བསྡད་དེ། ཕྱི་རོལ་གྱི་བགེགས་ཤིག་ཡོད་ཅེས་གཏོར་མ་བཅོས་ཏེ་བསྐྲད་པ་ལ་ང་ཚོར་ཏིང་ངེ་འཛིན་བརྟན་པོ་ཞིག་ཡོད་ན་བགེགས་དེ་དག་གད་མོ་ཤོར་གྱི་རེད། བགེགས་གཏོར་གཏོང་མཁན་གྱི་རྒྱུད་ལ་ཨ་འཐས་ཀྱི་འཛིན་པ་དང་། རང་གཅེས་འཛིན་གྱི་འཛིན་པ་གྲ་མ་ཉམས་གྲུ་མ་ཞིག་པར་ཡོད་པ་མཐོང་བཞིན་དུ་བགེགས་ལ་གཏོར་མ་སྦྱིན་ཟེར་དུས་ཧ་ཧ་ཧ་ཞེས་ཟེར་གྱི་རེད། རང་རྒྱུད་ལ་ཡོད་པའི་བདེན་འཛིན་དང་། གཅེས་འཛིན། རང་ལ་ཡིད་དུ་མི་འོང་བ་ཞིག་ཡོང་བའི་རྣམ་པ་ལ་ཤར་བ་བཟློག་ཐབས་སུ་ཕྱི་རོལ་གྱི་བགེགས་ཤིག་ལ་གཏོར་མ་བཅོས་ནས་སྐྲོད་རྒྱུ་ཕལ་ཆེར་ཡོད་པ་མ་རེད།
བསམ་བློ་ཡག་པོ་ཞིག་བཏང་བ་ཡིན་ན། གནོད་པ་བྱེད་མཁན་གྱི་གདོན་དང་བགེགས་ཤོག ཚུར་མང་ཙམ་ཤོག་དང་ངའི་རྒྱུད་དུ་ཡོད་པའི་ཨ་འཐས་ཀྱི་འཛིན་པ་དང་། རང་གཅེས་འཛིན་ལ་ཏོག་ཙམ་འགུལ་བསྐྱོད་ཐེབས་རྒྱུ་འདུག གནོད་འཚེ་གཏོང་མཁན་ཚོ་ཤོག་ཅེས་བརྗོད་དགོས་པ་རེད་འདུག རང་གཅེས་འཛིན་དང་ཨ་འཐས་ཀྱི་འཛིན་པ་འདིར་བཞག་ནས་ཕྱི་རོལ་གྱི་གདོན་བགེགས་ཤིག་བསྐྲད་རྒྱུ་ཡོད་ཅེས་ཟེར་བ་ནི་དེ་ཙམ་རེད། ཅེས་དང་།བསམ་བློ་ཡག་པོ་གཏོང་དུས་བགེགས་གཏོར་གྱི་ཚིག་འདི་ཧ་ཅང་ཡག་པོ་འདུག གང་ལྟར་གནོད་བྱེད་གདོན་བགེགས་ཟེར་བ་ཕྱི་ལོགས་ན་ཡོད་པ་མ་རེད། ང་རང་ཚོའི་རྒྱུད་ཀྱི་ཨ་འཐས་ཀྱི་འཛིན་པ་ལ་ཆོས་ཐམས་ཅད་བདེན་གྲུབ་ཏུ་ཤར་གྱི་ཡོད་པ་རེད། ཤར་བ་ལྟར་དུ་དོན་སྟེང་ནས་ཡོད་པར་འཛིན་མཁན་དེ་ནི་གནོད་པ་བྱེད་མཁན་དངོས་རེད། དེ་དང་འབྲེལ་ནས་རང་གཅེས་པར་འཛིན་པའི་གཅེས་འཛིན་དེ་གདོན་བགེགས་དངོས་མ་རེད། གདོན་བགེགས་བསྐྲད་ཅེས་པ་ནི་དེ་ལྟ་བུའི་ཆོས་རྣམས་ངོ་བོ་ཉིད་ཀྱིས་གྲུབ་པར་འཛིན་པའི་འཛིན་པ་དེ་མེད་པར་བཟོ་བ་ཞིག་དང་། ཆོས་རྣམས་ངོ་བོ་ཉིད་ཀྱིས་སྟོང་། །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །ཞེས་པ་འདི་ལ་རེ་བ་ཆེན་པོ་དང་གོ་རྒྱུ་ཆེན་པོ་འདུག ཆོས་རྣམས་ངོ་བོ་ཉིད་ཀྱིས་སྟོང་པ་རེད། ངོ་བོ་ཉིད་ཀྱིས་སྟོང་པ་དེ་ངོ་བོ་ཉིད་ཀྱིས་སྟོང་པའི་ངོ་བོ་དོན་དམ་བདེན་པ་སྟོང་པ་ཉིད་དེ་རང་གི་རྒྱུད་ལ་ཁོང་དུ་ཆུད་པ་བྱུང་ན་སྲིད་པ་དང་བྲལ་ཐུབ་པ་རེད། ཆོས་རྣམས་ངོ་བོ་ཉིད་ཀྱིས་སྟོང་། །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་ལྡན་པའི། །ཞེས་སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་མིང་ཙམ་བཏགས་ཙམ་མ་གཏོགས་མེད་པ་བློ་ལ་ག་ལེར་གོམས་ཡོང་དུས་གནོད་བྱེད་འགུགས་མཁན་བདེན་འཛིན་རེད། དེ་ཤུགས་ཆག་ཡོང་སྐབས་རྣལ་འབྱོར་པ་ལ་རང་བཞིན་གྱིས་ཕྱི་ནང་གི་གདོན་བགེགས་ཡོང་ཐབས་མེད་པ་ཞིག་རེད། དེར་བརྟེན་གནས་ལུགས་འདི་ལྟར་བསམ་བློ་གཏོང་དུས་རང་བཞིན་སྟོང་པ་ཉིད་ཡིན་པ་དང་། བཏགས་དོན་བཙལ་ན་རྙེད་རྒྱུ་མེད་པ་བརྒྱ་ཆ་བརྒྱ་ཐམ་པ་རེད།
ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་གྲུབ་པ་མེད་ཅིང་། མིང་བརྡས་བཞག་ཙམ་ཞིག་ཡིན་པ་དེའི་དྲིན་ལ་བརྟེན་ནས་ཕྱིན་ཅི་ལོག་པའི་བློ་སྐྱེས་པ་དེའི་ཞེན་ཡུལ་རིགས་པས་སུན་ཕྱུང་ནས་མེད་པ་བཟོ་ཐུབ་པ་ཞིག་འདུག ཆོས་རྣམས་ངོ་བོ་ཉིད་ཀྱིས་སྟོང་། །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་ལྡན་པའི། །སྲིད་པ་དམ་པ་བྱེད་པར་འགྱུར། །ཞེས་པ་ཧ་ཅང་རྩ་ཆེན་པོ་རེད། ཆོས་རྣམས་རང་བཞིན་གྱིས་སྟོང་པའི་བཀའ་དྲིན་ལ་བརྟེན་ནས་བདེན་འཛིན་དང་དེས་བཞག་པའི་བག་ཆགས་རྣམས་རྨག་མེད་ཆོས་ཀྱི་དབྱིངས་སུ་དག་ཐུབ་པ་ཞིག་ཡོང་གི་འདུག ཡོང་གི་འདུག་ཅེས་ངོས་ལ་དེ་ལྟ་བུའི་རྟོགས་པ་མེད་ཀྱང་རིགས་པས་ཇི་ལྟར་དཔྱད་ནའང་ཆོས་རྣམས་མིང་བརྡས་བཞག་ཙམ་མ་གཏོགས་དོན་སྟེང་ན་མེད་པ་ཐག་གིས་ཆོད་ཀྱི་འདུག ཅེས་སོགས་བགེགས་བསྐྲད་དང་འབྲེལ་བའི་བཀའ་སློབ་སྩལ་བ་དང་།གཞན་ཡང་སེམས་ཀྱི་ཞི་བདེའི་སྐོར་ལ་ལམ་སྟོན་བཀའ་སློབ་སྩལ་དོན། འཛམ་གླིང་འདིའི་སྟེང་གི་ཆོས་ལུགས་ཚང་མས་བྱམས་པ་དང་བརྩེ་བ་གསུང་གི་ཡོད་པ་རེད། མི་ལ་ཕན་ཐོགས་ཀྱི་ཡོད་པ་རེད། ཧ་ཅང་ཡག་པོ་རེད། ཡིན་ནའང་། རང་གཅེས་འཛིན་ལ་སྐྱོན་དུ་བལྟས་ཤིང་། བདེན་གྲུབ་དུ་མཐོང་བའི་བདེན་གྲུབ་དེ་གཏན་ནས་མེད་བསམ་པའི་བདེན་མེད་ཀྱི་བསམ་བློ་འཁོར་བ་ནི་སངས་རྒྱས་པའི་ཆོས་ཀྱི་ཟབ་ཤོས་རེད། ངོས་རང་གི་ངོས་ནས་ཆ་གཞག་ན་ཞོགས་པ་ཡར་ལངས་པ་དང་། སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ལ་བསམ་བློ་ནན་ཏན་གཏོང་གི་ཡོད། དེས་སེམས་ལ་ཧ་ཅང་ཕན་གྱི་འདུག ཉིན་མོ་དེའི་རིང་ལ་རྙོག་དྲ་ཚ་བོ་དང་རང་ལ་སྐྱོན་བརྗོད། རང་གི་འདོད་པ་མེད་པ་མང་པོ་ཞིག་ཡོང་བ་ལ་མ་སྐྱིད་པ་བྱེད་ཀྱི་ཡོད། དེ་དུས་རང་གཅེས་པར་འཛིན་པ་དང་། བདག་ཏུ་འཛིན་པ་ལ་དོན་གྱི་ངོས་ནས་གྲུབ་པ་ཞིག་མེད་བསམ་པའི་བསམ་བློ་དེ་གཉིས་པོ་ཡོད་ན། སེམས་མ་སྐྱིད་པ་བཟོ་མཁན་རང་ཤུགས་ཀྱིས་མེད་པ་ཆགས་འགྲོ་བ་ཞིག་རེད། དེ་ཧ་ཅང་རྩ་ཆེན་པོ་རེད། ལོ་ཤས་སྔོན་ངོས་ཀྱི་རྨི་ལམ་དུ་ལྷ་ས་གཙུག་ལག་ཁང་དུ་མཆོད་མཇལ་ལ་འགྲོ་གི་འདུག ཐུགས་རྗེ་ཆེན་པོ་རང་བྱུང་ལྔ་ལྡན་གྱི་མདུན་དུ་སླེབ་སྐབས་ངོས་ཀྱིས་དད་པ་བྱས་ཏེ་མཇལ་སྐབས་རང་བྱུང་ལྔ་ལྡན་གྱིས་མིག་བཙུམ་སྐྱོན་གྱི་འདུག ངོས་རང་སེམས་ཧ་ཅང་སྐྱོ་བྱུང་། དེ་ནས་ཡར་ཕྱིན་ནས་ཐུགས་རྗེ་ཆེན་པོ་རང་བྱུང་ལྔ་ལྡན་གྱིས་མིག་བཙུམ་སྐྱོན་ཞིང་། བཞད་མོ་བཞད་དེ་ཐུགས་ཧ་ཅང་མཉེས་པོ་གནང་གི་འདུག ངོས་རང་ཐུགས་རྗེ་ཆེན་པོའི་མགུལ་ནས་ཡར་འཁྱུད་དེ་ངུས་པ་ཡིན། སྐབས་དེར་ཐུགས་རྗེ་ཆེན་པོས་ཀྱང་སྤྱན་ཆབ་གནང་གི་འདུག བརྩོན་འགྲུས་བརྩམས་པའི་བརྩོན་འགྲུས་ཀྱིས། །བརྟེན་སྤྲོ་ལེ་ལོ་མ་མཆིས་ཤིང༌། །སྟོབས་དང་ལྡན་པའི་ལུས་སེམས་ཀྱིས། །བརྩོན་འགྲུས་ཕ་རོལ་ཕྱིན་རྫོགས་ཤོག །ཅེས་པའི་ཚིགས་བཅད་འདི་གསུངས་སོང་། དེ་ནི་སྙིང་སྟོབས་ཞུམ་པ་མེད་པ་དགོས་པ་རེད་ཅེས་གསུང་གི་ཡོད་པ་རེད།
ང་ཚོས་བདེ་སྡུག་དང་དགྲ་བོ་ཕྱི་ལོགས་སུ་འཇོག་རྒྱུ་མི་འདུག ནང་སེམས་སུ་འདུག དགྲ་བོ་ནང་དུ་ཡོད་པས་དགྲ་བོ་བཙལ་བའང་ནང་དུ་འཚོལ་དགོས་པ་ལས་ཕྱི་ལོགས་སུ་མེད། ང་ཚོས་འཛམ་གླིང་ཞི་བདེ་ཟེར་བའང་། སེམས་ལ་ཞི་བདེ་ཡག་པོ་ཞིག་བྱུང་ན་མི་གཅིག མི་བརྒྱ། མི་སྟོང་། ཁྲི། འབུམ། ས་ཡ། བྱེ་བ་བྱས་ཏེ། གཞན་གཅེས་འཛིན་གྱི་བསམ་བློ་རྒྱ་ཆེར་སྤེལ་ཐུབ་ན་འཛམ་གླིང་ཞི་བདེ་ངོ་ཐོག་ལ་ཡོང་ཐུབ་པ་ཞིག་རེད། ཅེས་བཀའ་སློབ་སྩལ་རྗེས་མཎྜལ་འདེགས་འབུལ་དང་། དཔལ་འཁོར་ལོ་སྡོམ་པ་བདེ་མཆོག་ནག་པོ་པའི་དབང་དངོས་གཞི་དབུ་འཛུགས་ཀྱིས་ཆུ་ཚོད་ ༡༢ ཙམ་ལ་འཛམ་གླིང་ཁྱོན་གྱི་རྒྱལ་ཁབ་ཁག་ ༦༦ ནས་ཕེབས་པའི་ཆོས་ཞུ་བ་སེར་སྐྱ་ཕོ་མོ་གྲངས་ ༡༢༠༠༠ བརྒལ་བར་བདེ་མཆོག་ནག་པོ་པའི་བཀའ་དབང་གནང་སྒོ་ཡོངས་སུ་གྲུབ་ཡོད། །