༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོ་འཕྲུལ་དུས་ཆེན་ཉིན་སྐྱེས་རབས་དང་སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་གཏན་ཁེལ་འདུག
དེ་ཡང་དགའ་ལྡན་ཕོ་བྲང་གི་གཞུང་འབྲེལ་དྲ་ཚིགས་སྟེང་བཀོད་པ་ལྟར་ན། བོད་རྒྱལ་ལོ་ ༢༡༥༠ རབ་གནས་ཆུ་ཡོས་ལོའི་ཟླ་བ་ ༡ ཚེས་ ༡༥ དང་ཕྱི་ལོ་ ༢༠༢༣ ཟླ་བ་ ༣ ཚེས་ ༧ ཉིན་ཏེ་ཆོ་འཕྲུལ་དུས་ཆེན་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐྱེས་རབས་དང་སེམས་བསྐྱེད་ཀྱི་ཆོས་འབྲེལ་དང་། དེ་བཞིན་ཕྱི་ལོ་ ༢༠༢༣ ཟླ་བ་ ༣ ཚེས་ ༨ དང་ ༩ བཅས་ཉིན་གྲངས་གཉིས་རིང་སྔ་དྲོ་ཆུ་ཚོད་ ༨ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སོག་པོའི་རྒྱལ་ས་ཨུ་ལན་སྦ་ཌར་ (Ulaanbaatar) གྱི་དགའ་ལྡན་ཐེག་ཆེན་གླིང་དགོན་པས་ཇི་ལྟར་སྔོན་ནས་གསོལ་བ་བཏབ་པ་ལྟར་བདེ་མཆོག་ནག་པོ་བའི་བཀའ་དབང་བཀའ་དྲིན་སྩལ་གཏན་ཁེལ་ཡོད།
དེ་ཡང་ཚེས་ ༨ ཉིན་བདེ་མཆོག་ནག་པོ་བའི་བཀའ་དབང་གི་སྟ་གོན་དང་། ཕྱི་ཚེས་ ༩ ཉིན་བདེ་མཆོག་ནག་པོ་བའི་དབང་གི་དངོས་གཞི་བཅས་བཀའ་དྲིན་སྩལ་གཏན་ཁེལ་ཡོད།
གསུང་ཆོས་ལ་བཅར་མཁན་ཚོས་ངེས་པར་དུ་ཞལ་རས་གྱོན་ནས་ཕེབས་དགོས་པ་དགོངས་འཇགས་ཞུ།