༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༣ ཚེས་ ༡༦ ཉིན་སུད་སིའི་གྲོས་ཚོགས་འོག་མས་འགྲོ་བ་མིའི་བདེ་རྩར་ཐུགས་ཁུར་གཙོ་བཞེས་ཀྱིས་སྐྱབས་བཅོལ་ཞུ་མི་དང་། ལྷག་པར་དེ་སྡ་སུད་སིའི་ཁྲིམས་སྒྲིག་རྙིང་པའི་འོག་སུད་སིའི་གཞུང་གིས་སྐྱབས་བཅོལ་ཞུ་མི་ངོས་ལེན་གནང་མེད་པ་རྣམས་ཀྱི་ཆེད་དུ་ཁྲིམས་འཆར་ཞིག་བཏོན་གནང་ཡོད། ཁྲིམས་འཆར་དེའི་དམིགས་ཡུལ་གཙོ་བོ་ནི། དེ་སྡ་སུད་སིའི་ཁྲིམས་སྒྲིག་རྙིང་པའི་འོག་སུད་སིའི་གཞུང་གིས་སྐྱབས་བཅོལ་ཞུ་མི་ངོས་ལེན་གནང་མེད་པ་རྣམས་ཀྱི་དཀའ་ངལ་སེལ་སླད་ཡིན་ཞིང་། ཕྱི་ལོ་ ༢༠༡༩ ཟླ་བ་ ༢ ཚེས་ ༢༨ གོང་དུ་སུད་སིའི་གཞུང་གིས་སྐྱབས་བཅོལ་སྙན་ཞུ་འབུལ་མཁན་རྣམས་ངོས་ལེན་མ་གནང་བ་ཚོའི་དཀའ་ངལ་ཁྲིམས་འཆར་དེས་སེལ་ཐུབ་ངེས་ཡིན་པ་འཁོད་ཡོད།
ཁྲིམས་འཆར་དེ་ནི། ཕྱི་ལོ་ ༢༠༢༡ ཟླ་བ་ ༣ ཚེས་ ༡༦ ཉིན་སུད་སིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ལྕམ་སྐུ་མ་རེན་ནེ་ (Marianne Steiff-Feller) ལགས་ཀྱིས་དབུ་འཛུགས་གནང་ཡོད་པ་དང་། ཕྱིས་སུ་ལྕམ་སྐུ་མ་རེན་ནེ་ (Marianne Steiff-Feller) ལགས་ཀྱིས་རྩ་དགོངས་ཞུས་གནང་རྗེས་ཁྲིམས་འཆར་དེ་སུད་སིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་ནིག་ལོ་སི་ས་མུལ་ (Niklaus Samuel Gugger) ལགས་ཀྱིས་རྒྱུན་སྐྱོང་གིས་ཕྱི་ལོ་ ༢༠༢༣ ཟླ་བ་ ༣ ཚེས་ ༡༦ ཉིན་སུད་སིའི་གྲོས་ཚོགས་འོག་མའི་ནང་ངོ་སྤྲོད་གནང་ཡོད་པ་དང་། སྐབས་དེར་ཁོང་གིས་ད་ལྟའི་ཆར་སུད་སིའི་ཁྲིམས་སྒྲིག་རྙིང་པའི་འོག་སུད་སིའི་གཞུང་གིས་ངོས་ལེན་མེད་པའི་སྐྱབས་བཅོལ་ཞུ་མི་གྲངས་ ༣༠༠༠ ལྷག་ཡོད་སྟབས། སྐྱབས་བཅོལ་ཞུ་མི་རྣམས་ཀྱི་དཀའ་ངལ་སེལ་དགོས་པ་དང་། ལྷག་པར་ཁྲིམས་འཆར་དེ་ནི་བོད་མི་སྐྱབས་བཅོལ་ཞུ་མི་རྣམས་ཚུད་པའི་རྐྱེན་ངན་ཕོག་པའི་སྐྱབས་བཅོལ་ཞུ་མི་རྣམས་ཀྱི་དཀའ་ངལ་སེལ་ཐབས་སུ་དམིགས་ཏེ་བཏོན་པ་ཡིན་སྐོར་གསུངས་ཡོད།
ཕྱི་ལོ་ ༢༠༢༡ ཟླ་བ་ ༣ ཚེས་ ༡༠ ཉིན་སུད་བོད་མཛའ་འབྲེལ་ཚོགས་པ་དང་། སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་སྒྲིག་འཛུགས། སུད་སི་བོད་ཀྱི་བུད་མེད་ལྷན་ཚོགས། ཡུ་རོབ་བོད་མིའི་གཞོན་ནུ་མཐུན་ཚོགས་བཅས་ནས་སུད་སིའི་གཞུང་ལ་བོད་མི་སྐྱབས་བཅོལ་ཞུ་མི་གྲངས་ ༣༠༠ ལ་སྐྱབས་བཅོལ་བའི་ཡིག་ཆ་འཐོབ་ཐབས་སུ་མཚན་རྟགས་གྲངས་ ༣༠༠༠ ལྷག་བསྡུ་རུབ་ཀྱིས་མཚན་འཁོད་སྙན་ཞུ་ཕུལ་ཡོད། སྐབས་དེར་སུད་སི་སྐུ་ཚབ་དོན་ཁང་གི་འབྲེལ་ཡོད་ལས་བྱེད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས། སུད་སིའི་གཞུང་དང་གྲོས་ཚོགས་འཐུས་མི་རྣམས་ཀྱིས་འགྲོ་བ་མིའི་བདེ་རྩར་ཐུགས་ཁུར་གཙོ་བཞེས་ཀྱིས་བོད་མི་སྐྱབས་བཅོལ་ཞུ་མི་རྣམས་ཀྱི་དཀའ་ངལ་སེལ་ཐབས་གནང་དགོས་པའི་རེ་སྐུལ་ཞུས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༢༣ ཟླ་བ་ ༣ ཚེས་ ༧ ཉིན་སུད་སིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་ལྷན་དུའང་མཚན་འཁོད་སྙན་ཞུ་དེའི་སྐོར་གྲོས་བསྡུར་ཞུས་གནང་ཡོད།
སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་། བོད་མི་མང་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས། སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་ཚོགས་གཙོ་ཀརྨ་ཆོས་སྐྱིད་ལགས། སུད་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཐོ་མ་སི་ (Thomas Buchli) ལགས་བཅས་ནས་སུད་སིའི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་ཁྲིམས་འཆར་དེར་རྒྱབ་སྐྱོར་གནང་དགོས་པའི་རེ་སྐུལ་ཤུགས་ཆེ་ཞུས་གནང་ཡོད།
སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་སུད་སིའི་གྲོས་ཚོགས་འོག་མས་ཁྲིམས་འཆར་བཏོན་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་ཁྲིམས་འཆར་དེས་བོད་མི་སྐྱབས་བཅོལ་ཞུ་མི་ཙམ་མ་ཟད། སྐྱབས་བཅོལ་ཞུ་མི་གཞན་རྣམས་ལའང་གཅིག་མཚུངས་སུ་ཕན་ཐོགས་ཐུབ་ངེས་ཡིན་སྟབས། སུད་སིའི་གྲོས་ཚོགས་གོང་མས་ཁྲིམས་འཆར་དེར་རྒྱབ་སྐྱོར་གནང་རྒྱུའི་རེ་བ་ཤུགས་ཆེ་ཡོད་སྐོར་གསུངས་ཡོད་པ་བཅས།།