༄༅། །ཅེཀ་སྤྱི་མཐུན་རྒྱལ་ཁབ་དང་། ཨོསྟྲི་ཡཱ། ཇར་མ་ནཱི། ཨི་ཊ་ལཱི། སུད་སི་དང་ལིག་ཏེན་སིཊཡན་བཅས་ཚུད་པའི་ཤར་དབུས་ཡུ་རོབ་རྒྱབ་ཁབ་ཁག་ཏུ་བོད་དོན་རྒྱབ་སྐྱོར་བ་དང་བོད་མི་རྣམས་ཀྱིས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༤ པ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
དེ་ཡང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་མཱར་ཀེ་ཊ་པེ་ཀ་རོ་ཝ་ ( Markéta Pekarová Adamová) ལགས་དང་། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་བོད་དོན་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ནས་ཕྱི་ལོ་ ༢༠༢༣ ཟླ་བ་ ༣ ཚེས་ ༡༠ ཉིན་བོད་ཀྱི་རྒྱལ་དར་བསྒྲེངས་ཏེ་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༤ ཉིན་མོ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་པི་རིམ་སལ་ར་བྷ་སི་ (Premysl Rabas) ལགས་ཀྱིས་བོད་དོན་སླད་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་སྐོར་གསུངས་ཡོད།དེ་བཞིན་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་ཧཱ་ཡ་ཊོ་ཨོ་ཀ་མུ་ར་ (Hayato Okamura) ལགས་ཀྱིས། བོད་མི་ཚོས་རང་དབང་གི་ཆེད་དུ་འཐབ་རྩོད་གནང་བཞིན་པར་སྐུལ་འདེད་དུ་ང་ཚོས་རྒྱབ་སྐྱོར་གནང་དགོས་པ་གལ་ཆེན་པོ་ཆགས་ཡོད། བོད་མི་རྣམས་ཀྱིས་མུ་མཐུད་ཅེག་སྤྱི་མཐུན་རྒྱལ་ཁབ་ལ་ཡིད་ཆེས་བློ་འགེལ་གནང་གི་ཡོད། ཅེས་གསུངས།
བོད་དོན་རྒྱབ་སྐྱོར་ཚོགས་པ་དང་བོད་རིགས་ཚོགས་པ་བཅས་ནས་ཀྱང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པ་རག་ (Prague) ཏུ་རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་བྱེད་བཞིན་པར་ཞི་བའི་ངོ་རྒོལ་གནང་ཡོད།དེ་བཞིན་ཨོསྟྲི་ཡཱའི་ནང་བོད་རིགས་ཚོགས་པའི་ཚོགས་གཙོ་ངག་དབང་བློ་བཟང་ལགས་ཀྱིས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༤ པའི་ཐོག་བཀའ་ཤག་གི་གསུང་བཤད་སྒྲོགས་སྦྱང་ཞུས་པ་དང་། བོད་མི་རྣམས་ཀྱིས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ཞི་བའི་ངོ་རྒོལ་གནང་སྟེ་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༤ པའི་ཉིན་མོ་སྲུང་བརྩི་ཞུས་ཡོད། ཇར་མ་ནཱིའི་ནང་ཇར་མ་ནཱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མེ་ཀེལ་བྷི་རན་ཌི་ (Mr. Michael Brand) ལགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ་རྒྱ་ནག་གཞུང་གིས་བཙན་དབང་གིས་བོད་ནང་བོད་པའི་ཕྲུ་གུ་ས་ཡ་གཅིག་ཙམ་ནང་མི་དང་ཁ་བྲལ་བཅུག་སྟེ་གཏན་འཇགས་སློབ་གྲྭ་ཁག་ཏུ་བཏང་དང་གཏོང་བཞིན་པ་ནི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་བ་ཞིག་ཡིན་པས་ཇར་མ་ནཱི་གཞུང་གིས་ངེས་པར་དུ་རྒྱ་ནག་གཞུང་ལ་དེ་འཕྲལ་དུ་མཚམས་འཇོག་དགོས་པའི་འབོད་སྐུལ་ཤུགས་ཆེ་གནང་དགོས་པ་སོགས་ཀྱི་སྐོར་གསུངས་ཡོད།
གཞན་ཡང་ཇར་མ་ནཱི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་བོད་མི་རྣམས་ཀྱིས་ཇར་མ་ནཱིའི་གྲོང་ཁྱེར་ཆེ་ཁག་བྷར་ལིན་དང་མུ་ནིག་སོགས་ཀྱི་ནང་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༤ ཉིན་མོ་སྲུང་བརྩི་གཟབ་རྒྱས་ཞུས་གནང་ཡོད།སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་གོ་སྒྲིག་འོག་སུད་སིའི་གྲོང་ཁྱེར་ཛུ་རིག་ཏུ་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༤ ཉིན་མོ་དང་བསྟུན་སུད་སི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་བོད་མི་རྣམས་ཀྱིས་ཞི་བའི་ངོ་རྒོལ་གནང་ཡོད། སུད་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཐོ་མ་སི་ (Thomas Buchli) ལགས་དང་ངེས་སྟོན་པ་བྷེ་ཊི་ནཱ་ (Bettina Eckert) ལགས་མཉམ་ཞུགས་གནང་ཡོད། ངེས་སྟོན་པ་བྷེ་ཊི་ནཱ་ལགས་ཀྱིས་སུད་སིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་མིའི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་གྱིས་བསྒྲགས་གཏམ་སྤེལ་བ་དེ་སྒྲོགས་སྦྱང་ཞུས་གནང་ཡོད།ཕྱོགས་མཚུངས་ཨི་ཊ་ལཱིའི་རྒྱལ་ས་རོམ་དུ་བོད་མི་ ༡༠༠༠ ལྷག་དང་ཡུ་རོབ་བོད་དོན་རྒྱབ་སྐྱོར་བ་སོགས་ནས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༤ ཉིན་མོ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པ་དང་། དུས་དྲན་མཛད་སྒོར་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དང་། སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས། བོད་མི་མང་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས། ཕ་རཱན་སིའི་གྲོས་ཚོགས་གོང་མིའི་འཐུས་མི་ལྕམ་སྐུ་ཨེལ་སེ་ཇོ་སེ་ཕི་ (Else Joseph) ལགས། ཨི་ཊ་ལཱིའི་གྲོས་ཚོགས་གོང་མའི་འཐུས་མི་ཨན་ཌི་རེ་ (Andrea de Priamo) ལགས། ཨི་ཊ་ལཱིའི་གྲོས་ཚོགས་འོག་མའི་འཐུས་མི་མཱ་ལ་ཝ་སི་ (llenio Malavasi) ལགས། དེ་བཞིན་ཨི་ཊ་ལཱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་སོགས་མཉམ་ཞུགས་ཀྱིས་བོད་དོན་སྐོར་གསུང་བཤད་གནང་ཡོད་པ་བཅས།།