༄༅། །རྒྱ་ནག་གཞུང་གིས་བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་ཁོངས་ནས་ཡིན་པའི་རྩོམ་པ་པོ་དང་སྐད་སྒྱུར་བ་ཟངས་དཀར་འཇམ་དབྱངས་ལགས་སུ་རྒྱལ་ཁབ་ཁ་བྲལ་གཏོང་བའི་བྱ་སྤྱོད་སྤེལ་ཡོད་ལུགས་ཀྱི་ཉེས་མིང་གཡོགས་ཏེ་ལོ་བཞིའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག
དེ་ཡང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་༢༠༢༠ ཟླ་༦ ཚེས་ ༤ ཉིན་གྱི་དགོང་མོར་རྒྱ་ནག་གཞུང་གི་ཉེན་རྟོག་པས་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་རང་སྐྱོང་ཁུལ་གྱི་ཁྱུང་མཆུ་རྫོང་གི་ཟངས་དཀར་སྟོད་མ་ནས་ཡིན་པའི་རྩོམ་པ་པོ་དང་ཕྱི་རྒྱལ་མི་རིགས་ལ་སྣེ་ཤན་སྐད་སྒྱུར་བྱེད་མཁན་ཟངས་དཀར་འཇམ་དབྱངས་ལགས་འཛིན་བཟུང་བཙན་ཁྲིད་ཀྱིས་དུས་ཡུན་རིང་མོ་ཞིག་ལ་གར་སོང་ཆ་མེད་དུ་གྱུར་ཡོད་པ་མ་ཟད། ཁྲིམས་ཞིབ་ཀྱི་བརྒྱུད་རིམ་དང་ནང་མིས་ཤེས་རྟོགས། ཕྱི་གསལ་ནང་གསལ་སོགས་རྩ་བ་ནས་མེད་པའི་སྒོ་ནས་རྒྱལ་ཁབ་ཁ་བྲལ་གྱི་ལས་འགུལ་སྤེལ་བ་དང་། སྐད་འཕྲིན་གྱི་ཐོག་ཏུ་སྐད་ཆ་འདྲ་མིན་བཤད་པ་སོགས་ཀྱི་ཉེས་འཛུགས་ཀྱིས་ལོ་བཞིའི་རིང་བཙོན་འཇུག་ཁྲིམས་ཐག་བཅད་ཟིན་པའི་རྗེས་སུ། སི་ཁྲོན་ཞིང་ཆེན་གྱི་མེན་ཡང་ས་གནས་སུ་བཙོན་འཇུག་བྱས་ཡོད་པ་ཤེས་རྟོགས་བྱུང་ཡོད་ནའང་། ནང་མི་ཉེ་འབྲེལ་དང་ངོ་ཤེས་སོགས་ལ་ཐུག་འཕྲད་ཙམ་ཡང་བྱེད་བཅུག་གི་མེད་པ་སོགས། བོད་ནང་གི་འབྲེལ་ཡོད་བོད་མི་མིང་བརྗོད་འདོད་མེད་པ་ཞིག་གིས་འགྲེལ་བརྗོད་གནང་གི་འདུག
རྩོམ་པ་པོ་ཟངས་དཀར་འཇམ་དབྱངས་ལགས་ཀྱིས་བར་སྐབས་རྔ་བ་བོད་རིགས་རང་སྐྱོང་ས་ཁུལ་དུ། ཕྱི་ལོ་ ༢༠༢༠ ལོའི་ཟླ་བ་གསུམ་པ་ཡས་མས་ནས་བཟུང་། རྒྱ་ནག་གཞུང་གིས་སློབ་གྲྭ་ཁག་ཏུ་བོད་ཡིག་གི་སློབ་ཚན་ཇེ་ཉུང་དུ་གཏོང་དགོས་པ་སོགས་ཀྱི་སྲིད་བྱུས་ལག་བསྟར་བྱེད་རྩིས་བྱེད་སྐབས་སུ། དེང་སང་གི་དུས་རབས་ནི་ཁྲིམས་ཀྱི་དབང་བསྒྱུར་གྱི་སྤྱི་ཚོགས་ཆགས་ཡོད་པར་བརྟེན། བོད་མི་ཚོས་འཇིགས་སྣང་བྱེད་མི་དགོས་པར་རྒྱ་ནག་རང་གི་ཁྲིམས་དང་མཐུན་པའི་ཐོག་ནས། ས་གནས་རྒྱ་ནག་གི་འགོ་ཁྲིད་ཚོའི་ཁྲིམས་འགལ་གྱི་བྱ་སྤྱོད་ཐེར་འདོན་ཁ་གཏད་བྱེད་དགོས་པ་ཡིག་ངག་གཉིས་ཐོག་ནས་བཤད་ཡོད་པ་སོགས་ཀྱིས། ས་གནས་རྒྱ་ནག་ཉེན་རྟོག་པས་བསྔོག་བཤེར་དང་རྗེས་འདེད། ལྟ་རྟོག་ཤུགས་ཆེ་བྱས་ཡོད་པ་མ་ཟད། རིམ་པས་ཉེན་རྟོག་པས་བཀག་ཉར་ཐེངས་ཁ་ཤས་བྱས་ཏེ་གློག་ཀླད་བསྔོག་བཤེར་དང་འདྲི་གཅོད་ཐེངས་མང་བྱས་ཡོད་ཅིང་། མཐར་ཕྱི་རྒྱལ་མི་རིགས་ཁ་ཤས་ལ་སྐད་བསྒྱུར་སྐབས་ཉེན་རྟོག་པས་འཛིན་བཟུང་བྱེད་རྩིས་བྱས་པར། ཕྱི་རྒྱལ་ནུབ་ཕྱོགས་པ་དེ་ཚོས་སྲོག་བློས་གཏོང་གིས་ཁོང་སྲུང་སྐྱོབ་བྱས་པར་བརྟེན། ཉི་མ་དེར་ཁོང་འཛིན་བཟུང་བྱེད་ཐུབ་མེད་ནའང་། ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༤ ཉིན་གློ་བུར་དུ་གར་སོང་ཆ་མེད་དུ་གྱུར་ཏེ་ཡུན་རིང་འགོར་རྗེས། གཞི་ནས་རྒྱ་ནག་གིས་ནང་མི་ལ་བརྡ་ལན་ཙམ་བྱས་འདུག་པ་དང་། ཁོ་རང་གིས་མ་ཧཱ་བྷ་ར་ཏ་སྐད་འཕྲིན་ཚོགས་པའི་ནང་དུའང་། ༧གོང་ས་མཆོག་གི་མཛད་འཕྲིན་དང་བོད་མི་རིགས་ཀྱི་ལ་རྒྱ། བོད་མིའི་སྐད་ཡིག་སྲུང་སྐྱོབ་རྒྱ་ནག་གི་ཁྲིམས་ལུགས་གཞིར་བཟུང་གནང་དགོས་པ་སོགས། མངོན་སུམ་འཛེམས་མེད་ཀྱིས་བཤད་ཡོད་པ། བོད་ནང་གི་བོད་མི་གཞན་ཞིག་གིས་འགྲེལ་བརྗོད་གནང་གི་འདུག
ཕ་བསོད་ནམས་མགོན་པོ་དང་མ་ཀརྨ་སྒྲོན་གྱི་བུ་ཟངས་དཀར་འཇམ་དབྱངས་ལགས་ནི་ཕྱི་ལོ་ ༡༩༧༧ ཟླ་ ༧ ཚེས་ ༥ ཉིན་མདོ་སྨད་ཁྱུང་མཆུ་རྫོང་གི་ཟངས་དཀར་སྟོད་མའི་ནང་སྐྱེས་ཤིང་། ཕྱི་ལོ་ ༡༩༩༨ ལོར་རྒྱ་གར་དུ་སྐྱབས་བཅོལ་དུ་འབྱོར་ཏེ་བཞུགས་སྒར་རྡ་རམ་ས་ལར་དབྱིན་ཇིའི་སྐད་ཡིག་ལ་སློབ་གཉེར་གནང་བ་བརྒྱུད། ཕྱི་ལོ་ ༢༠༠༢ ཡས་མས་སུ་ཕ་ཡུལ་དུ་ལོག་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རོགས་ཚོགས་ཁ་ཤས་ལ་སྐད་བསྒྱུར་གྱི་བྱ་བ་བསྒྲུབས་པ་དང་། ཨ་རིའི་རོགས་ཚོགས་ཁག་ཅིག་ལའང་འཛིན་སྐྱོང་དང་སྐད་བསྒྱུར་གྱི་བྱ་བ་བསྒྲུབས་ཡོད་ཅིང་། ཕྱི་ལོ་ ༢༠༡༩ ལོའི་ཟླ་མཇུག་ཏུ་ཨ་རིར་མཐོང་མཆན་རག་ནའང་། ཏོག་དབྱིབས་ནད་ཡམས་ཀྱིས་ཕྱི་བསྐྱོད་ཀྱི་འགོག་རྐྱེན་ཐེབས་ཡོད་པ་རེད།
གཞན་ཡང་རྩོམ་པ་པོ་ཁོང་ཆུང་དུས་ནས་སློབ་གྲྭ་འགྲིམས་ཏེ་རྒྱ་བོད་ཡིག་རིགས་གཉིས་ཀར་སློབ་གཉེར་གནང་མྱོང་བའི་ཁར། རིམ་བཞིན་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་ཆེན་མོ་རྗེ་འཇམ་དབྱངས་རྒྱ་མཚོ་མཆོག་སོགས་ཀྱི་ཞབས་ལ་གཏུགས་ཏེ་མདོ་སྔགས་རིག་གནས་དང་བཅས་པར་སྦྱང་བརྩོན་གནང་བའི་འབྲས་རྟགས་སུ། བོད་ནང་སྦྲང་ཆར་སོགས་དུས་དེབ་མང་པོའི་ཐོག་རྩོམ་ཡིག་མང་དག་ཅིག་སྤེལ་མྱོང་བ་མ་ཟད། བཙན་བྱོལ་དུའང་བག་གསར་བོད་ཡིག་ཚགས་པར་གྱི་རྩོམ་སྒྲིག་པ་དང་། བོད་ནང་འཕག་འཚག་རྒོད་པའི་ལྕེ་ཟེར་བའི་དེབ་ཞིག་ཀྱང་བཏོན་མྱོང་ཡོད་ལ། དེ་སྔ་བླ་བྲང་བཀྲ་ཤིས་འཁྱིལ་དུ་རྒྱ་ནག་སྐད་ཀྱི་སྣེ་ཤན་སྐད་བསྒྱུར་གཙོ་ཆེ་ཤོས་ཀྱང་ཆགས་མྱོང་ཞིང་། ད་ལྟའི་ཆར་ཁོང་ལ་ཆུང་མ་དང་བུ་ཕྲུག་གཉིས་ཀྱང་ཡོད་པ་རེད།